ཆིག་སྒྲིལ་དགོས་ན། འཐེན་འཁྱེར་སྤོངས།

དེང་སང་སྟེ་ཆེས་སྙིགས་མ་ལྔ་བདོ་བའི་དུས་འདི་ན། སྐྱེས་བུ་ཀུན་གྱི་སེམས་ཁམས་དུག་གསུམ་གྱིས་སྦགས་དྲགས་པའི་དབང་གིས། འཇིག་རྟེན་ཆོས་བརྒྱད་དམ་ཡང་ན་གྲགས་པ་དོན་གཉེར་གྱི་འདུན་པ་བརྟས་དྲགས་པའི་དབང་གིས་ཡོད་ཚད་ངས་འཇོན་པ་དང་། ཡོད་ཚད་ངས་ཤེས་ཟེར་བའི་བོད་ཀྱི་སྨྱུག་འཛིན་པ་མང་པོ་ཞིག་གིས་བོད་མིའི་རྩ་དོན་བསྒྲུབ་པར་ཆིག་སྒྲིལ་ལ་བརྟེན་ཡོད་པར་འདོད་ཅིང་། ཆིག་སྒྲིལ་ནི་སྟོབས་ཤུགས་ཞེས་པའི་ཚིག་སྙན་སྙན་དང་། དོན་ཟབ་ཟབ་ཀྱི་ཐ་སྙད་འགའ་ཞིག་སྤྱད་དེ། འདི་ལྟར་འབྲི་བཞིན་གདའ།

དང་པོོ། ཆོལ་གསུམ་ཆིག་སྒྲིལ་བགྱིས་དགོས་ཏེ། བོད་མི་ཚང་མ་ཤ་ཁྲག་རུས་གསུམ་གཅིག་པ་དང་། རིག་གཞུང་དང་གོམས་སྲོལ་གཅིག་པ། ལས་དབང་གི་བཀའ་བཅད་འདྲ་མཉམ་དུ་ཕོག་པས་སྐྱིད་ཀྱི་བག་ལེབ་མཉམ་ཟ་དང་སྡུག་གི་ཁུར་པོ་མཉམ་ཁུར་བྱེད་དགོས་ཟེར། འོན་ཏེ། གོ་སྐབས་ཐོབ་ན་དེ་ལྟར་མ་ཡིན་ཏེ། བོད་དོན་དང་བོད་མིའི་ལས་དབང་ལ་དམིགས་པའི་ཚོགས་པ་གསར་པ་ཞིག་བཙུགས་ན། ཨོ། དང་ཐོག་ངའི་ཕ་ཡུལ་གཅིག་པ་དང་ཆོལ་ཁ་གཅིག་པ། དེ་བས་ས་མིག་ལྷག་ན། ཁ་གཡར་སའི་ཆེད་ཆོལ་ཁ་གཞན་ནས་མི་རེ་གཉིས་རེ་བཅུག་སྟེ། ད་དུང་འདྲ་ཆགས་ཆགས་དང་ཁ་ཕོ་ཆེས་ཆེར་བཤད། ཡང་གཅིག་བཤད་ན། དེང་སང་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་ལ་སོགས་པའི་གནད་དོན་མང་དག་ཅིག་ཁ་རུ་བླངས་ཏེ། ཁ་བྱང་འདྲ་མིན་གྱི་ཚགས་ཤོག་ཀྱང་ཉུང་ཉུང་མིན་མོད། ཨོ། ཕ་ཡུལ་གྱི་མིང་ཡང་གསལ་ལ་མི་གསལ་བ། རང་ཉིད་ཀྱི་མིང་ཡང་གསལ་ལ་མི་གསལ་བའི་རྩོམ་རིག་དུ་མ་ཞིག་སྤེལ་བ་ནི། མ་གཞི་རང་ཉིད་ཀྱི་སྐད་ཡིག་ལས་མེད་དུ་མ་བཞག་པར་བཀོལ་སྤྱོད་བྱེད་ཐུབ་པ་ཧ་ཅང་བཟང་བ་ཡིན་ན་ཡང་། བརྡ་སྤྲོད་པའི་ལུགས་དང་མི་མཐུན་པའི་གྲོང་སྐད་དང་དུས་གསུམ་གོ་ལྡོག་གི་རྩོམ་ཡིག་གི་དྲག་ཆར་དེ་དག་གིས་སུམ་རྟགས་དག་གསུམ་རྩ་དགོངས་གཏོང་བར་ཉེན་ལ། སློབ་དཔོན་ཨ་ནུ་ཡང་ཐུགས་ཕམ་པར་ཉེན་པ་ལས་གཞན་སྐད་ཡིག་འཐུས་ཚང་དུ་འགྱུར་བའི་རེ་བ་ཟད།  དེས་ན་དེ་རིང་ས་མཐའ་ན་འཚོ་བའི་ང་ཚོས་ཁ་བཤད་དོན་ལ་མི་གནས་པའི་བྱ་སྤྱོད་དེ་དག་གིས་མེས་པོ་དམ་པའི་དགོངས་གཞིའི་བསྒྲུབ་ཐུབ་བམ།   ཞེས་པའི་དྲི་ཚིག་འདི་ངའི་སེམས་ཁོངས་སུ་བཙན་གྱིས་འཛུལ་བྱུང་།    དེ་ཡང་བསམ་ཚད་དང་དྲན་ཚད་གྱི་རྗེས་སུ་མ་བསྙེགས་པར་དོན་དངོས་གནས་དང་བསྟུན་ནས་སྐད་ཆ་ཚིག་འགའ་བཤད་ན།  ང་ཚོ་བོད་པ་ཚང་འཆམ་མཐུན་དང་བདེ་སྐྱིད་ཀྱི་ངང་དུ་གནས་དགོས་ན།  ལུང་ཚན་དང་ཆོས་ལུགས་ཆོལ་ཁ་བཅས་ཀྱི་འཐེན་འཁྱེར་སྤངས་ཏེ།  བོད་མི་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་ལ།  སྤུན་ཟླ་མིང་སྲིང་གི་བརྩེ་སེམས་ལྡན་དགོས།  དེས་ན་ང་ཚོ་བོད་པ་ཚང་ཁྱིམ་ཚང་གཅིག་ཏུ་གནས་ངེས་ལ།  ཕྱི་དགྲ་ལས་རྣམ་པར་རྒྱལ་ངེས།     དེ་ནི་ཆིག་སྒྲིལ་གྱི་སྟོབས་ཤུགས་དང་བརྩེ་སེམས་ཀྱིས་སྤྲད་པའི་ཉིང་བཅུད་ཡིན་ནོ།