ངོ་མཚར་བའི་སྐྱེས་བུ། ངའི་འཕགས་མི།
ངོ་མཚར་བའི་སྐྱེས་བུ། ངའི་འཕགས་མི།
མུ་འབྲེལ།
༠
ཁྱེད་ནི་ངའི་ཨ་མྱེས་ཀྱི་སེམས་བསམ་པའི་མཐིལ་གྱི་གཉེན་ཉེ་གཅིག་པོ་དེ་ཡིན་ཏེ
ཞོགས་པར སྨུག་ལོང་གི་བསྟིམས་པའི་སྐྱ་རེངས་ཀྱི་འགྲམ་ནས
རེ་བཞག་ཡོད་ཚད་ཀྱི་ལྷ་གསོལ་ཁྱེད་ལ་འབུལ་གྱིན
དགོང་ཁར ལུག་རྫི་དང་ལྷན་དུ་མུན་ནག་གི་འཁྲིས་ནས
བདེ་བ་ཡོད་ཚད་ཀྱི་གླུ་སྐད་ཁྱེད་ལ་བཏེགས་ཡོད
༠༠
ང་རང་ཕ་ཡུལ་ན་ཡོད་དུས
ཁྱེད་ཀྱི་འཛུམ་མདངས་འཁྱིལ་བའི་དྭངས་གསལ་གྱི་བརྙན་པར་རེ་རེ
ཕ་ཡུལ་གྱི་དར་ལྕོག་དང་ལབ་རྩེའི་ཁུད་ནས
མཐོ་སྒང་གི་ཉི་ཟེར་ན་བསྒྲོན་ནས་ཡོད་ཅིང
ཉི་ཟེར་དེའི་འཆར་སྣང་གི་ཡུལ་ལྗོངས་ཡོངས་ལ
ཕ་ཡུལ་གྱི་གྲོང་མི་ཚོས་སྤྲོ་སྣང་གི་ཁ་བཏགས་འབུལ་ཡོད
༠༠༠
ང་རང་ཕ་མ་དང་ལྷན་ན་འཚོ་དུས
ཨ་ཕས་མཚན་མོ་རྒྱུན་ཆགས་མཆོད་ཁང་ནང་དུ་འཁྲིད་ཀྱིན་ཡོད་ཅིང
མར་མེ་ལྷབ་ལྷེབ་གཡོ་བའི་མཆོད་སྟེགས་ཀྱི་དྲུང་ནས
ངས་རྟག་པར་ཁྱེད་ཀྱི་ཐལ་མོར་སྦྱར་བའི་ཕྱག་ཟུང་དེ་མཇལ་གྱིན་ཡོད
ཨ་ཕས་མགོ་བོ་ས་ལ་བཏུད་དེ་ཟོལ་མེད་ཀྱི་མིག་ཆུ་རེ་རེ་ངུ་ངག་ལ་བསྲེས་ཏེ
ཁྱེད་ཀྱི་ཅི་ཞིག་ལ་གསོལ་འདེབས་ཡང་ཡང་བྱེད་པའི་ཚུལ་དེས
བདག་གིས་སྔོན་སྔོན་ཞིག་ནས་ཁྱེད་ནི་ངེད་ཚང་གི་ཨ་ཕ་ལས་ལྷག་པ་ཞིག་ཏུ་ཤེས་བྱུང
༠༠༠༠
ཕ་ཡུལ་གྱི་ཡུལ་མི་ཚོས
དབྱར་དགུན་གྱི་ཚ་གྲང་འཐིབ་པའི་དུས་ཚིགས་སོ་སོ་ན
ཁ་བའི་བུ་ཡུག་གིས་བར་སྣང་བསྒྲིབས་པའི་རི་སྒང་དང
ཆར་ཆུའི་བརླན་གཤེར་གྱི་གདུག་རྩུབ་བཙན་པའི་ཞིང་ཚིགས་ནས
རེ་སྒུག་གི་འཛུབ་མོ་ཁྱེད་ལ་བཏད་དེ
ཚ་གྲང་སྡུག་བསྔལ་རེ་རེ་བཞིན་གསེད་ཐབས་བྱེད་ཀྱིན་ཡོད་ཅིང
དྲི་མེད་བསམ་པ་རླུང་ལ་བཏེགས་ཏེ་ཁྱེད་ཕྱོགས་ལ་བསྐུར་ཡོད
༠༠༠༠༠
རྡོ་ལ་བྲིས་པའི་དམ་བཅའ་ཞིག་གི་མི་ཚེའི་ལས་དབང་ནས
ས་གཞི་དང་ལྷན་དུ་རྒས་ཀྱིན་པའི་ངའི་ཡུལ་མི་ཚོས
ཁྱེད་ལ་ཨ་ཕ་ཞེས་འབོད་ནས་བདེ་དྲོན་གྱི་ཁྱིམ་གཞིས་འཚོལ་གྱིན་ཡོད་ཅིང
ཁྱེད་ཀྱི་རང་གཟན་གྱི་ཁུད་ནས
མིག་ཆུའི་ཚབ་ཀྱི་དྲན་པ་ཞིག་ས་སྒང་འདིར་སྤེལ་མགོ་བརྩམས་སོང
༠༠༠༠༠༠
མི་ཚེ་ནི་སྐྱོ་གར་གྱི་བསྡུས་ཤིག་ཏུ་གྲུབ་པའི་རྐྱེན་གྱིས
ང་ཚོ་ལ་གཤོག་འགྱུ་ཡིས་བགྲོད་པའི་གླག་རྒོད་དེའི་ཚབ་ན
ཁྱེད་ཀྱི་དུང་ལས་དཀར་བའི་བརྩེ་འདང་གི་ཞལ་གཟིགས་དེ་འཁྲུངས་སོང
ཕ་ཡུལ་གྱི་ཕུ་ནུ་ཚོས
སྨག་རུམ་གྱིས་བཏུམ་པའི་གྲུ་ཁ་ཞིག་ནས
ཁྱེད་ཀྱི་ཞབས་སོར་འཁོད་པའི་ནམ་ཟླ་ལ་རྒྱང་ལྟ་བྱས་སོང
༠༠༠༠༠༠༠
ཁྱེད་ཀྱི་འུར་སྒྲོགས་མ་ཡིན་ཞིང
གཞན་གྱི་གཅམ་གསག་མ་ཡིན་པའི
ཁྱེད་ཀྱི་རང་ཉིད་ལས་འཁྲུངས་པའི་འོད་གསལ་འདི་དག
གྲོང་དང་གྲོང་བརྡལ་བརྒལ་ཏེ ཡང་ན
གྲོང་ཁྱེར་དང་རྒྱལ་མཚམས་བརྒྱུད་དེ
གསེར་འོད་ལ་འཁྱུག་པའི་ཉི་མའི་ཁ་མདོག་ཏུ་གྱུར་སོང
ཕ་ཡུལ་གྱི་ཁྱེད་ལ་རྟག་ཏུ
ཟུམ་པ་མེད་པའི་མིག་ཟུང་ཅེར་འདུག
༠༠༠༠༠༠༠༠
བདག་གིས་རང་ཉིད་མ་མཐོང་བའི་སྔ་རོལ་ནས
བརྗིད་ཆགས་ཀྱི་ཁྱེད་ཉིད་མཐོང་བྱུང
དེ་ནི ལོ་ངོ་འགའ་ཞིག་གི་སྔོན་གྱི་ཕ་ཡུལ་ནས་རེད
དེ་དུས ངས་ཚོར་བའི་རྣོ་གཟོང་གི་རྩེ་མོ་རང་ལ་བཏད་དེ
ཉོན་མོངས་ཤིག་ལ་གཡུལ་འགྱེད་ལན་མང་བྱས
༠༠༠༠༠༠༠༠༠
སྐབས་ཤིག
ཁྱེད་ནི་དགུང་སྔོན་གྱི་ཟླ་བ་ཡིན་ཞིང
ཡང་ན དགུང་སྔོན་གྱི་ཟླ་བ་ནི་ཁྱེད་ཀྱི་ཞལ་རས་ཡིན་ཆོག
ད་ལྟར ཁྱེད་ནི་ཉི་མ་ཡིན་ཞིང
ཉི་མ་ནི་ཁྱེད་ཀྱི་དྲོད་འཇམ་ཡིན་ངེས
༠༠༠༠༠༠༠༠༠༠
ངོ་མཚར་གྱི་ལོ་རྒྱུས་དང་དེའི་རྒྱབ་ལྗོངས་དག
ཁྱེད་ཀྱི་ཕྱི་མིག་ན་བྲིས་པའི་གསེར་རིས་ཡིན་ནའང
ཁྱོད་རང་ཁྱེད་ཉིད་ལ་འགྱུར་བའི་གོ་རིམ་དེ་ནི
མི་ཞིག་བལྟས་བལྟས་ལྷ་ལ་འགྱུར་བའི་གོ་རིམ་ལ་བརྩི་ཆོག
༠༠༠༠༠༠༠༠༠
གླེན་གཤིས་ཀྱི་ཁ་རླངས་དེས་མཁའ་དབུགས་རྫོབ་དྲགས་པས
ཡོད་ཚད་འགྱུར་སོང དེ་ནི་མིའི་གཤིས་ཀ་ལ་ཆག་གྲུམས་ཤོར་བ་ཡིན་ངེས
སྐྱོ་གར་དེའི་ཕ་རོལ་ནས
མི་ཡུལ་ལ་བརྩེ་དུང་བཅངས་བའི་ཁྱེད་ཀྱིས
སྐྱོ་གར་མཚོན་བྱེད་ཀྱི་རི་མོ་ཆེན་པོ་ཞིག་བསྐུར་སྟེ
འཇིག་རྟེན་ན་ཉེན་བརྡ་གཏོང་གིན
༠༠༠༠༠༠༠༠
ང་ཚོས་ཁུ་ཚུར་གནམ་ལ་ཀེར་བའི་སྤོབས་པ་ཁྱེད་ཉིད་ཡིན་ལ
ང་ཚོས་མགྲིན་པ་གཟེངས་སུ་འདེགས་པའི་དབྱངས་རྟ་ཁྱེད་ཉིད་དོ
༠༠༠༠༠༠༠
འདི་ནི་ས་སྒང་སྟེ
གྲུ་ཟུར་དང་སྟེང་འོག་གང་ནའང
ཁྱེད་ཀྱི་མཉེན་འཇམ་གྱི་ཕྱག་ཟུང་ཚོར་ཡོད
གོ་ལ་ཅི་ཙམ་གྱིས་མཐའ་ཀླས་པ་དེ་ཙམ་གྱིས
ཁྱེད་ལ་རྒྱ་མཚོར་བགྲོད་བྱེད་ཐུགས་སྟོབས་མངའ་འོ
