མེའི་ཚ་ངར་གྱིས་ཁྲོ་ཡང་བཞུ་ནུས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༧ ཕྱི་ལོ་ ༢༠༡༢/༡༠/༡༠
རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་ཕྱི་ལོ་༡༩༩༨ ཟླ་༤ ཚེས་༢༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་ལུས་མེར་སྲེག་བཏང་བ་དང། དེའི་རྗེས་སུ་རྒྱལ་གཅེས་དཔའ་བོ་གྲྭ་བཀྲ་བྷེས་ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༧ ཉིན་རང་ལུས་མེར་སྲེག་བཏང་།
དེའི་ལོ་གཉིས་ཙམ་གྱི་རྗེས་ཕྱི་ལོ་༢༠༡༡ ལོའི་ཟླ་༣ ཚེས་༡༦ ཉིན་སླར་ཡང་མདོ་སྨད་རྔ་པ་རུ་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ཀྱིས་རང་ལུས་མེར་སྲེག་བཏང་ནས། ཉེ་ཆར་ཟླ་འདིའི་ཕྱི་ཚེས་༦ ཉིན་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོས་རང་ལུས་མེར་སྲེག་བཏང་པའི་བར་ལོ་གཅིག་དང་ཕྱེད་རིང་རང་ལུས་མེར་སྲེག་གཏོང་མཁན་༥༣ བྱུང་ཡོད་ལ། ཁྱོན་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་༥༤ ཕྱི་གསལ་ནང་གསལ་ཆགས་ཡོད། དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་བརྩིས་ན་བཙན་བྱོལ་ནང་རང་ལུས་མེར་སྲེག་གཏོང་མཁན་ཡོངས་གྲགས་ངོས་འཛིན་བྱུང་བ་མི་ལྔ་བཅས་བསྡོམས་མི་གྲངས་༦༠ ཙམ་གྱིས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཡོད་ཚད་བློས་བཏང་ནས། རང་ལུས་མེར་སྲེག་བཏང་བ་དང། བོད་མི་རིགས་དང་རྒྱལ་ཁབ་ཀྱི་བདག་དབང་ཆེད་དུ་སྐུ་གཤེགས་པ་རེད།
བོད་མི་མང་པོ་དེ་འདྲས་རྒྱ་གཞུང་གི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་འགྲོ་ཆེད་རང་སྲོག་བློས་བཏང་ཡང། རྒྱ་གཞུང་གིས་ད་བར་འཁྱོག་བཤད་དང་རྫུན་གཏམ་ཁོ་ན་ཕྱི་ནང་ཀུན་ཏུ་བསྒྲགས་པ་ལས། འབྱུང་རྐྱེན་ཞིབ་འཇུག་དང་དོན་དམ་གྱི་ཐག་གཅོད་ཅིག་གཏན་ནས་བྱས་མེད། དེ་ལྟར་མི་བྱེད་དོན་ཡང་རྒྱ་གཞུང་ལ་དབང་ཤུགས་དང་ནུས་སྟོབས་ཆེན་པོ་ཡོད་པའི་སྤོབས་སེམས་ཀྱིས་ཡིན་སྲིད་པ་དང། ཡང་ན་རྒྱ་དམར་གཞུང་གི་དབང་འཛིན་ལམ་ལུགས་དེ་འཐོར་ཞིག་ཏུ་འགྲོ་སྲིད་པའི་དོགས་པ་ལ་བརྟེན་ནས་གུ་ཡངས་གཏན་ནས་གཏོང་མི་རུང་བའི་ཞེད་སྣང་གིས་ཀྱང་ཡིན་སྲིད་པ་རེད། གང་ལྟར་རྒྱ་དམར་གཞུང་གིས་རང་ལུས་མེར་སྲེག་བཏང་བ་དེ་དག་དོན་དངོས་ཡིན་པ་སྔ་ཕྱིར་ཁས་ལེན་བྱས་ཡོད་ཀྱང། དེ་དག་ཕྱི་ཕྱོགས་ནས་རྒྱུད་སྐུལ་བྱས་པ་ཞིག་ལས། རང་དབང་མེད་པའི་རྒྱུ་མཚན་གྱིས་མིན་ཚུལ་བསྐྱར་བཟློས་ཡང་བཟློས་བྱས་ནས་བཟང་ཕྱོགས་སུ་འགྱུར་བ་གཏོང་རྒྱུའི་ཐག་གཅོད་གང་ཡང་མ་བྱས་པར་བརྟེན། ལོ་གཅིག་དང་ཕྱེད་ཀྱི་རིང་བོད་ནང་ཁོ་ན་རུ་བོད་མི་༥༣ གྱིས་རང་ལུས་མེ་མཆོད་དུ་འབུལ་དགོས་བྱུང་ཡོད།
ད་ལྟའི་ཆར་རྒྱ་དམར་དྲག་པོའི་གཞུང་དེ་རྒྱལ་སྤྱིའི་སྟེང་དུ་མི་འབོར་དང། དཔལ་འབྱོར་དམག་དོན། རྩེད་རིགས་སོགས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཀྱང། དམའ་རིམ་སྤྱི་ཚོགས་ནང་རང་དབང་ཞི་བདེ་དང། འདྲ་མཉམ་དང་འཆམ་མཐུན་མེད་པ་དེ་གཞི་རིམ་གྱི་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད། ཕྱི་ཕྱོགས་ཀྱི་གསར་འགྱུར་དང་དྲ་རྒྱ་ཁག་རྒྱ་ནག་ནང་ཁུལ་དུ་བལྟ་ཀློག་མི་ཆོག་པར་བཀག་སྡོམ་བྱེད་པ་དང། ནང་ལོགས་ནས་སྨྲ་བརྗོད་རང་དབང་ལའང་ཚད་བཀག་ཧ་ཅང་ཆེན་པོ་བཟོས་པ། རྒྱ་ནག་གི་སྤྱི་ཚོགས་ནང་དབུལ་ཕྱུག་གི་ཧེ་བག་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། དཔལ་འབྱོར་ཅན་གྱི་ཕྱུགས་བདག་མང་ཆེ་ཤོས་རྒྱ་དམར་གཞུང་གི་དཔོན་རིགས་དང་དེའི་འབྲེལ་ཡོད་རྣམས་ཡིན་པ་སོགས་དཀའ་ངལ་མང་དག་ཅིག་འབར་ཆོག་ཆོག་ཏུ་གྱུར་ཡོད་ཀྱང། རྒྱ་གཞུང་གིས་མི་རིགས་རིང་ལུགས་ཀྱི་དྲིལ་བསྒྲགས་ནག་པོ་ཞིག་གིས་རྒྱ་རིགས་མི་མང་རྣམས་རྨོངས་གཉིད་མཐུག་པོ་ཞིག་གི་འོག་ནས་དུས་ནམ་ཡང་སད་ཐབས་མེད་པ་བྱ་རྒྱུའི་ངན་བྱུས་འཐེན་བཞིན་ཡོད།
དེ་ལས་ཀྱང་ལྷག་པར་བོད་ནང་དུ་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པའི་དཀའ་ངལ་ཆེན་པོ་ཡོད་པ་མ་ཟད། རང་གི་ས་གནས་ནས་རང་ཉིད་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པའི་ཛ་དྲག་གི་གནས་སྟངས། ད་དུང་བོད་ལ་ཤ་ཞེན་དང་སེམས་ཁུར་ཡོད་པ་རྣམས་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ནས་བཙོན་འཇུག་བྱེད་བཞིན་ཡོད་པ་སོགས། ཆུང་ས་ནས་ཕན་ཚུན་འགྲོ་འོང་གི་ཐོག་ནས་ཀྱང་རང་དབང་མེད་པའི་དཀའ་ངལ་ཧ་ཅང་ཆེན་པོ་སྤྲོད་བཞིན་ཡོད། དེ་བཞིན་ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས་ལའང་བོད་དང་གཅིག་མཚུངས་བཞིན་རྒྱ་དམར་གཞུང་གིས་དྲག་པོའི་དམག་གི་སྟོབས་ཤུགས་བེད་སྤྱད་ནས་ནམ་ཡང་མགོ་འགྱོགས་ཐབས་མེད་པ་བཟོ་བཞིན་ཡོད་ལ། དོན་དུ་རྒྱ་གཞུང་ལ་དེ་ལས་བཟང་བའི་ཐབས་ཤེས་ཤིག་མ་རྙེད་པ་གཏན་ནས་མིན་ཡང། ལག་བསྟར་བྱེད་འདོད་མེད་པ་དང་བོད་མི་རིགས་དང་བོད་ཀྱི་རིག་གཞུང་གོ་ལ་འདིའི་སྟེང་ནས་རྩ་སྟོངས་སུ་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།
བོད་ནང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་གང་མང་ཞིག་གིས་རང་ལུས་མེ་ལ་སྦར་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱ་དམར་དྲག་གཞུང་གི་མུན་ནག་གི་སྲིད་བྱུས་དེ་དག་གསལ་པོ་མཐོང་ཐབས་བྱེད་བཞིན་ཡོད་ལ། ད་ལྟའི་ཆར་བོད་དོན་དེ་རྒྱལ་སྤྱིའི་སྟེང་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཚེ་སྲོག་དང་མཉམ་དུ་འབར་བཞིན་ཡོད། བོད་མི་རིགས་ཀྱི་མ་འོངས་པའི་རེ་འདུན་ཡོད་ཚད་ཀྱང། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གིས་བོད་ལ་རང་དབང་རང་བཙན་དགོས་པ་དང། ༧གོང་ས་མཆོག་བོད་ལ་ཆིབས་བསྒྱུར་གནང་དགོས་པ་དེ་རེད། རྒྱ་གཞུང་གིས་ད་བར་འབར་བཞིན་པའི་མེ་ལྕེ་དེ་ལ་ཡ་ལན་བྱས་མེད་ཀྱང། རང་སྲོག་བློས་བཏང་ཟིན་པའི་དཔའ་བོ་དཔའ་མོ་དེ་དག་གིས་གཙོས་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་མེ་ལྕེ་ཉིན་རེ་ནས་ཉིན་རེ་བཞིན་དགུང་དུ་འབར་བཞིན་ཡོད་པས། མེ་དམར་པོའི་ཚ་ངར་གྱིས་ཁྲོ་དང་ལྕགས་ཀྱང་རང་བཞིན་གྱིས་ཞུ་འགྲོ་བ་བཞིན། བོད་མི་རིགས་ཀྱི་འབར་བཞིན་པའི་སྙིང་སྟོབས་ཀྱི་མེ་ལྕེ་འདིས་རྒྱ་དམར་གཞུང་གི་སྲིད་བྱུས་འདི་ཉིད་བཞུ་ཐུབ་པའི་ཡིད་ཆེས་དང་སྤོབས་པ་དུས་ནམ་ཡང་ཡོད་པ་ཞིག་རེད།།
