ཞི་བདེའི་གཟེངས་རྟགས་དེ་ཡོ་རོབ་མཉམ་འབྲེལ་ལ་ཐོབ་འདུག

ཟླ་འདིའི་ཚེས་༡༢  ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན།   འདི་ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་དེ་གང་ཟག་སྒེར་ཞིག་མ་ཡིན་པར།  དེ་ནི་རྒྱལ་ཁབ་༢༧  ལས་གྲུབ་པའི་ཡོ་རོབ་འབྲེལ་ལ་(European Union) ཐོབ་ཡོད་པ་རེད།

འཛམ་གླིང་དམག་ཆེན་གཉིས་བྱུང་སའི་གླིང་ཆེན་དེ།  ད་ཆ་ཡོ་རོབ་མཉམ་འབྲེལ་ལ་བསྒྱུར་ཐུབ་པར་བརྟེན། ཞི་བདེའི་གཟེངས་རྟགས་དེ་ཕུལ་བ་ཡིན་སྐོར་བརྗོད་འདུག ཡོ་རོབ་མཉམ་འབྲེལ་གྱི་འབད་བརྩོན་འོག་དེ་སྔ་འཁྲུག་འཛིང་ཅན་གྱི་ཡོ་རོབ་གླིང་ཆེན་དེ།  ད་ཆ་ཞི་བདེ་ཅན་གྱི་གླིང་ཆེན་ཞིག་ཏུ་འགྱུར་ཐུབ་པ་བྱུང་ཡོད།  ད་བར་གྲུབ་འབྲས་གང་སོན་པ་རྣམས་ཉར་ཚགས་དང་མཉམ་འབྲེལ་མུ་མཐུད་མདུན་བསྐྱོད་བྱེད་དགོས་ཞེས།   ནོ་སྦེལ་ཞི་བདེ་ཚོགས་ཆུང་གིས་ཚོགས་གཙོ་སྐུ་ཞབས་འཇཱག་ལེན་གྱིས་གསལ་བསྒྲགས་སྐབས་གསུངས་འདུག

ཁོང་གིས་མུ་མཐུད་བརྗོད་དོན།  འཛམ་གླིང་དམག་ཆེན་གཉིས་པའི་རྗེས་རྒྱལ་ཁབ་༢༧   ལས་གྲུབ་པའི་ཡོ་རོབ་མཉམ་འབྲེལ་གྱིས་རྒྱལ་ཁབ་འཛུགས་སྐྲུན་དང་སྤྱི་ཚོགས་ནང་ཞི་བདེ་བརྟན་ལྷིང་སྤེལ་བར་བསྔགས་བརྗོད་ཀྱང་གནང་འདུག

སྤྱིར་ཞི་བདེ་གཟེངས་རྟགས་ཀྱི་ལྷན་ཨ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ཀྱི་གསོལ་རས་ཡོད་པ་དང།   དེ་དག་ཟླ་བ་༡༢  ཀྱི་ཚེས་༡༠  ལ་ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་འབུལ་རྒྱུ་ཡིན་པ་རེད།།