ཁྲག་རྩའི་བཞུར་རྒྱུན་དགུ་འགྱུར་མ།

སེམས་ཀྱི་འཆར་ཡན་ཕ་ཡུལ་ཕྱོགས་སུ་ཤོར།།

སྙིང་གི་འཕར་རྩ་་ས་མཐའི་ཡུལ་ནས་ལྡང་།།

ལས་དབང་སྐྱ་ཤོག་ཁ་བའི་འདབས་སུ་འཁོར།།

སྐྱོ་ལ་དུང་བའི་མིག་ཆུ་ལྐོག་ནས་འཐོར།།  

 

 

གནམ་སའི་བར་ན་ཀླད་ཆེན་འཐོར་ལ་ཁད།།  

 འཇིག་རྟེན་ཁམས་ན་ཡོད་ཚོད་སྨྱོ་ལ་ཁད།།  

   འདི་འདྲའི་འཚོ་བ་རེ་རེ་མཐོང་ཐེངས་རེ།།

རང་སེམས་དམ་ལ་བཏགས་པའི་ལོ་རྒྱུས་མོད།།

རང་སྡུག་སེམས་ནས་ལུད་པའི་གཞན་ཡུལ་ན།།

སྙིང་གི་ཁྲག་རྩའི་མྱུར་ཚད་དགུ་འགྱུར་རེད།།

མི་ཚེའི་འོད་སྣང་ནུབ་པའི་ལོ་རྒྱུས་ཤིག།།

མངོན་སུམ་ཡུལ་དུ་འཆར་བའི་སེམས་རྩ་་སྐྱོ།།

མི་རྐྱང་མི་ཚེའི་ལོ་རྒྱུས་འདི་འདྲ་རེད།།

འཇིག་རྟེན་ཁམས་འདིར་སྐྱེས་པའི་ཉིང་དགོས་ཆུང་།།

ལོ་རྒྱུས་གྲོགས་ཆུ་ཁུར་བའི་ཕ་མཐའ་ན།། 

སེམས་གསོའི་ལྷ་ཆོས་སྙིང་དོན་ཡིད་ལ་འཁོར།།

ཁྲག་གི་ལོ་ཟླ་འཕྱུར་སའི་ཧྲག་བར་ན།།

ཡ་ངའི་གཏམ་རྒྱུད་འཇིགས་སྣང་གྲངས་མེད་ཡོད།།

མི་ལ་སྡུག་ཡུས་གཏད་པའི་མྱོང་ཚོར་རེ།།

སྙིང་གི་དཀྱིལ་ལ་འཁོར་སྐབས་སྨྱོ་ལ་ཁད།།

དགའ་སྐྱོའི་ཆུ་བོ་བཞུར་སའི་གཞན་ཡུལ་ན།།

ལུས་སེམས་ཚོར་བའི་གདུང་བའི་གསེར་འབྲོང་ང་།།

རི་བོ་ཧི་མ་ལ་ཡི་གངས་འདབས་སུ།།

སེམས་ཚོར་དམར་པོའི་འཆར་སྣང་ཐོལ་གྱིས་ཤོར།། 

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་

ཀང་ར་རྫོང་ནས་སུག་བྲིས་བགྱིས་སོ།།  ༢༠༡༢  ༡༠  ༡༡