དོན་ཚན་བཞིའི་ཐོག་ནས་དབུ་མའི་ལམ་སྐོར་འགྲེལ་བ།

images/idoblog/upload/9816387411/preview/small_huaduo_diqiu_sheji-008_600px.jpg༼སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག༽

དང་པོ།  ཆབ་སྲིད་ཀྱི་མངའ་དབང་གི་དབང་དུ་བྱས་ན།

རང་བཙན་གཙང་མ་རྒྱ་ནག་ནས་ཁ་བྲལ་འགྲོ་རྒྱུ་དེ་མཐའ་གཅིག་རེད།  ནང་གི་རང་དབང་མེད་པར་ད་ལྟའི་གནས་བབས་བཞིན་བསྡད་རྒྱུ་དེ་མཐའ་གཞན་པ་དེ་རེད།  མཐའ་གཉིས་པོ་དེ་སྤོངས་ནས་རྒྱ་ནག་ནས་ཁ་བྲལ་གྱིས་རང་བཙན་གཙང་མ་དེའང་མིན་་པ་དང།  ད་ལྟ་བཞིན་བོད་རིགས་རྣམས་ཁ་ཐོར་དགུ་ཐོར་དུ་བསྡད་པ་དེ་དག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཁས་ལེན་བྱས་པའི་ནང་གི་རང་དབང་ཙམ་ཡང་མ་རག་པ་དེ་ལྟ་བུ་མ་ཡིན་པར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་ནང་ཡོད་པའི་རང་སྲིད་རང་སྐྱོང་གི་གནས་བབས་ཡོངས་རྫོགས་ཞིག་དགོས་ཀྱི་འདུག་ཅེས་གསུང་གི་ཡོད་ཙང།  ཆབ་སྲིད་མངའ་དབང་གི་གནས་བབས་ཀྱི་ཆ་ནས་དབུ་མ་ཆགས་སྟངས་དེ་འདྲ་རེད།

གཉིས་པ།  མངའ་རིས་སམ་ས་ཁྱོན་གྱི་དབང་དུ་བྱས་ན།

རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་བོད་རིགས་མེད་པའི་ས་ཁྱོན་དེ་དག་ཀྱང་ལོ་རྒྱུས་ཀྱི་ཐོག་ནས་བོད་ནང་གཏོགས་མྱོང་ཡོད་ཙང། དེ་དག་ཆ་ཚང་དགོས་ཞེས་ཁྱབ་ཆེ་བའི་མཐའ་དེ་ང་ཚོས་བཟུང་གི་མེད། དེ་བཞིན་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་བོད་ཀྱི་ས་ཁྱོན་གྱི་གསུམ་ཆ་གཅིག་ཟིན་མ་ཟིན་ཙམ་མ་གཏོགས་མེད་པའི་ཁྱབ་ཆུང་བའི་མཐའ་དེའང་བཟུངགི་མེད།  དེས་ན་གནའ་སྔ་མོའི་ལོ་རྒྱུས་དང་བསྟུན་ནས་རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་ཟེར་བ་ལ་སོགས་པ་དེ་འདྲའི་ཁྱབ་ཆེ་བའི་ཁྱོན་ཡང་ཚུད་མི་དགོས་པ་དང།  ད་ལྟ་བཞིན་བོད་ཀྱི་མངའ་ཁུལ་གྱི་གསུམ་ཆ་གཅིག་མ་ལོངས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་དེ་ཙམ་ལའང་ཆ་མི་བཞག་པར། བོད་རིགས་གནས་པའི་ས་ཁྱོན་ཡོངས་སུ་རྫོགས་པ་ཞིག་དགོས་ཀྱི་ཡོད་ཅེས་ང་ཚོས་རེ་འདུན་གནང་གི་ཡོད་ཙང། ས་ཁྱོན་གྱི་ཆ་ནས་མཐའ་གཉིས་དང་བྲལ་བའི་དབུ་མ་ཡིན་སྟངས་དེ་འདྲ་རེད།

 

གསུམ་པ། ཆབ་སྲིད་ལམ་སྲོལ་གྱི་དབང་དུ་བྱས་ན།

ཕྱི་ལོ  ༡༩༥༩  སྔོན་དུ་ང་ཚོའི་ཆབ་སྲིད་ཀྱི་ལམ་སྲོལ་ནི་རྒྱལ་པོའི་རིང་ལུགས་དང་མཚུངས་ཀྱང། རྒྱལ་པོའི་རིང་ལུགས་རེད་ཅེས་བརྗོད་མི་ཐུབ།  རྒྱ་མིས་བཤད་པའི་བཀས་བཀོད་རྒྱུན་འཛིན་རིང་ལུགས་ཀྱང་ཆགས་ཀྱི་མེད།  གང་ལགས་ཤེ་ན། ་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་དེ་རྒྱུད་འཛིན་བྱ་རྒྱུ་ཞིག་མེད།  དེ་མི་གཅིག་གིས་བཀས་བཀོད་འོག་ཏུ་འགྲོ་བ་ཞིག་ཀྱང་མེད། བར་ལམ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བྱུང་བའི་རྒྱལ་པོའི་རིང་ལུགས་དང་ཡང་འདྲ་གི་མེད། དེ་བཞིན་ཕྱི་ལོ   ༡༩༥༩  སྔོན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་གིས་འཛིན་སྐྱོང་བྱེད་སྟངས་ཀྱང་འགྲིགས་ཀྱི་མེད། ཚོགས་འདུ་ཆེན་མོ་ལ་སོགས་པ་མང་པོ་ཞིག་ཡོད་པ་བཤད་ཀྱི་ཡོད་ཀྱང།  དེའི་ནང་ལ་མང་གཙོའི་རིང་ལུགས་ཀྱི་ཆ་ཤས་ཡོངས་རྫོགས་ཚང་གི་མེད། དེས་ན་ཕྱི་ལོ  ༡༩༥༩  སྔོན་གྱི་གཞུང་དགའ་ལྡན་ཕོ་བྲང་གིས་ཆབ་སྲིད་སྐྱོང་སྟངས་ཀྱི་ལམ་སྲོལ་དེ་མཐའ་གཅིག་རེད། ད་ལྟ་རྒྱ་ནག་དང་བོད་ནང་གུང་བྲན་ཚོགས་པས་དབང་ཆ་ཚང་མ་གཅིག་སྡུད་དང།   དེའི་ནང་ནས་མི་གཅིག་གིས་གཅིག་སྡུད་དབང་འཛིན་གྱིས་འཛིན་སྐྱོང་བྱེད་པ་དེ་མཐའ་གཞན་པ་དེ་རེད། མཐའ་དེ་གཉིས་དང་མི་མཐུན་པར། ཁྲིམས་བཟོ་དང།  འཛིན་སྐྱོང།  ཁྲིམས་ལུགས་དབང་འཛིན་གསུམ་སྡེ་ཚན་ཐ་དད་དུ་ཕྱེ་བ་དང། དེ་རྣམས་མང་ཚོགས་ཀྱིས་མང་མོས་འོས་འདེམས་ཀྱི་ཐོག་ནས་ཡོང་དགོས་པའི་མང་གཙོའི་རིང་ལུགས་ཡོངས་སུ་རྫོགས་པ་ཞིག་དགོས་ཀྱི་ཡོད་པ་དེ་ཆབ་སྲིད་ལམ་སྲོལ་གྱི་ཆ་ནས་དབུ་མའི་ལམ་དེ་རེད།

 

བཞི་པ།  རང་སྐྱོང་གི་ངོ་བོའི་ཐོག་ནས་བྱས་ན།

རང་སྲིད་རང་སྐྱོང་གི་གནས་བབས་དེའང་རྒྱ་མིས་འགྲེལ་བཤད་རྒྱག་སྟངས་དང། ཕྱི་རྒྱལ་གྱིས་འགྲེལ་བཤད་རྒྱག་སྟངས། ང་ཚོས་འགྲེལ་བཤད་རྒྱག་སྟངས་བཅས་མི་འདྲ་བ་སྣ་ཚོགས་ཤིག་ཡོད། མདོར་བསྡུས་ཏེ་ཞུས་ན་མི་རིགས་རང་སྐྱོང་རྐྱང་པ་དེ་མཐའ་གཅིག་རེད།  ས་གནས་རང་སྐྱོང་རྐྱང་པ་དེ་མཐའ་གཞན་པ་དེ་རེད། གལ་ཏེ་མི་རིགས་རང་སྐྱོང་རྐྱང་པ་དེ་ང་ཚོས་ལག་ལེན་བསྟར་ན། མི་རིགས་དེ་ལ་གས་གནས་ཀྱི་རང་སྐྱོང་དེ་རག་གི་མེད། མི་རིགས་དེ་ལ་རང་སྐྱོང་གི་ཐོབ་ཐང་གང་ཡོད་པ་དེ་ལ་ས་གནས་གང་དུ་བསྡད་ཀྱང་བེད་སྤྱོད་གཏང་རྒྱུ་ཞིག་མ་གཏོགས།   ས་གནས་འདིའི་ནང་མི་རིགས་འདིའི་རང་སྐྱོང་འདི་རེད་ཅེས་མཚོན་ཐུབ་ཀྱི་མེད།  དེང་སང་རྒྱལ་ཁབ་མང་པོའི་ནང་མི་རིགས་རང་སྐྱོང་ཡོད་པ་དང་ས་གནས་རང་སྐྱོང་མེད་པ་མང་པོ་ཡོད། ཁ་ཤས་ལ་ས་གནས་རང་སྐྱོང་ཡོད་ཀྱང་མི་རིགས་རང་སྐྱོང་མེད་པ་དེ་འདྲའང་མང་པོ་ཡོད། ས་གནས་གཅིག་ལ་རང་སྐྱོང་གི་གནས་བབ་སྤྲད་ན་ས་གནས་དེའི་ནང་ཡོད་པའི་མི་ཚང་མས་ས་གནས་རང་སྐྱོང་གི་ཁེ་ཕན་ལོངས་སུ་སྤྱད་ཆོག་པ་དེ་བྱུང་ཡང། ང་ཚོར་ཕན་ཐོགས་ཀྱི་མེད། གང་ལགས་ཤེ་ན།  ད་ལྟ་བོད་ནང་རྒྱ་མི་དང་བོད་གཉིས་བསྡུར་ན་རྒྱ་མི་མང་བ་ཡོད།  བོད་ལ་ས་གནས་རང་སྐྱོང་ཆ་ཚང་ཞིག་སྤྲད་ན་རྒྱ་མི་ལའང་རང་སྐྱོང་གི་ཐོབ་ཐང་གཅིག་གྱུར་རག་སོང་བ་ཡིན་ན་ང་ཚོར་རང་སྐྱོང་རག་དང་མི་རག་གི་ཁྱད་པར་མེད་པ་ལྟ་བུ་ཆགས་འགྲོ་ཡི་རེད། དེས་ན་མི་རིགས་རང་སྐྱོང་གི་མཐའ་དང་ས་གནས་རང་སྐྱོང་གི་མཐའ་གཉིས་དང་བྲལ་བའི་མི་རིགས་ས་གནས་རང་སྐྱོང་ཞེས་པ་དེ་དགོས་ཀྱི་ཡོད་པ་རེད།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུའང་གྲངས་ཉུང་མི་རིགས་ལ་རང་སྐྱོང་གི་གནས་བབས་ཤིག་ཁས་བླངས་པ་ཡིན་ཙང། བོད་པ་དེ་གྲངས་ཉུང་མི་རིགས་ཤིག་རེད།  བོད་རིགས་ཡོངས་ལ་རང་སྐྱོང་ཞིག་དགོས་ཀྱི་རེད།  དེ་ནི་མི་རིགས་ཀྱི་རང་སྐྱོང་རེད། ཡིན་ཡང་མི་རིགས་ལ་རང་སྐྱོང་དེ་དང་མཉམ་དུ་མི་རིགས་དེ་དག་གནས་སའི་ས་ཁུལ་ཟུར་དུ་ཕྱེ་ནས་ཆོལ་གསུམ་བོད་རིགས་གནས་ཡུལ་ཡོངས་དེ་ས་གནས་རང་སྐྱོང་ནང་ཚུད་དགོས་པ་ཡིན། དེས་ནང་མི་རིགས་དང་ས་གནས་རང་སྐྱོང་གཉིས་མཉམ་དུ་འཛོམས་པ་བྱུང་ན་མངའ་ཁུལ་ཡང་ཡོད་པ་དང།  རང་སྐྱོང་གི་གནས་བབས་དེའང་ཡོད་པ་ཆགས་ཀྱི་ཡོད།

 

གང་ལྟར་རང་སྐྱོང་གི་ངོ་བོ་དེ་ས་གནས་རང་སྐྱོང་རྐྱང་པ་ཡིན་པར་མི་རིགས་རང་སྐྱོང་གི་ངོ་བོར་འགྲོ་བ་ཡིན་ཙང། བོད་ཀྱི་ས་གནས་ནང་བོད་རིགས་མ་ཡིན་པ་བསྡད་ཡོད་ན་དེ་ལ་ང་ཚོ་དང་ཐོབ་ཐང་འདྲ་མཉམ་གྱི་རང་སྐྱོང་གི་གནས་བབས་དེ་རག་གི་མེད། མདོར་བསྡུས་ན་ང་ཚོའི་ཆབ་སྲིད་ཀྱི་མི་ཚེའི་ནང་ཁོ་ཚོས་ཆ་ཤས་ལེན་ཐབས་མེད་པ་ཕྱི་མི་ལྟ་བུ་བསྡད་དགོས་པ་དེ་འདྲའི་གནས་བབ་ཤིག་རྩོད་ཀྱི་ཡོད། དེ་ལྟར་དོན་ཚན་བཞིའི་ཐོག་ནས་བལྟས་ན་ང་ཚོས་རང་སྲིད་རང་སྐྱོང་གི་བབས་རྩོད་རྒྱུ་དེ་མཐའ་གཉིས་དང་བྲལ་བའི་དབུ་མ་ཆགས་ཀྱི་ཡོད་ཅེས་ཞུས་པ་ཡིན་ན་ཕལ་ཆེར་མ་འགྲིགས་པ་མེད།

དེ་འདྲ་ཞིག་ཞུས་པ་ཡིན་ན་དབུ་མའི་ལམ་བསྒྲུབ་བྱར་གྱུར་པའི་དབུ་མ་དེ་རེད། མདོར་བསྡུས་ན་བསྒྲུབ་བྱ་དབུ་མ་དེ་གང་རེད་ཅེ་ན། ཆོལ་གསུམ་ཡོངས་རྫོགས་ཀྱི་བོད་རིགས་རྣམས་ལ་མི་རིགས་དང་ས་གནས་རང་སྲིད་རང་སྐྱོང་གི་གནས་བབས་ཆ་ཚང་ཡོད་དགོས་པ་དེ་རེད། དེ་སྒྲུབ་བྱེད་ཀྱི་ལམ་ནི་འཚེ་མེད་ཞི་བ་དེ་རེད། འཚེ་མེད་ཞི་བའི་ལམ་ནས་དེ་སྒྲུབ་ཀྱི་ཡོད། དེ་འདྲ་ཞིག་ལ་དབུ་མའི་ལམ་ཞེས་བརྗོད་ཀྱི་ཡོད་པ་རེད།

 

——༼གོང་གསལ་ནི་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་གསུང་བཤད་དང་ལམ་སྟོན་སོགས་གལ་ཆེ་ཁག་ཕྱོགས་བསྡུས་དེབ་ཕྲེང་གཉིས་པ་ནས་བཤུས་པའོ།༽