༄༅།། སྐྱབས་བཅོལ་བུ་ངའི་གདུང་འབོད།
དེ་རིང་གདོང་གི་ཁྲོ་གཉེར་འཇིགས་སུ་རུང་།།
སེམས་ཀྱི་ཚོར་བ་ལུས་སེམས་བར་ན་འཁོར།།
དུང་བ་གཉོམ་པོའི་མིག་ཆུ་ལྐོག་ནས་འཐོར།།
སྐྱབས་བཅོལ་བུ་ངའི་སེམས་པ་ཁྲག་ལ་འདྲེས།།
སེམས་ཀྱི་བདེ་སྡུག་དེ་རིང་དྲག་ཏུ་འབར།།
སྐྱོ་བའི་སྣང་ཤེས་སེམས་ཀྱིས་ངོས་སུ་ཟུག།།
སུན་སྣང་བརྩེགས་མའི་སེམས་ཀྱི་ནུས་ཤུགས་བསུབས།།
ཡུལ་གྱར་བུ་ངའི་སེམས་པ་སྟོན་ཆུའི་གྲང་།།
ས་མཐའི་སྐྱབས་བཅོལ་ལས་དབང་རླུང་གིས་ཁུར།།
གདུང་བ་ནར་མོ་ས་མཐའི་ཡུལ་ནས་འཐེན།།
དྲག་ཏུ་ལྡང་བས་སྡུག་སྣང་སེམས་ལ་གཟན།།
སྐྱབས་བཅོལ་བུ་ངའི་ལས་དབང་འཇིགས་སུ་རུང་།།
མི་ལ་ངོ་དགའ་མ་ཤེས་མི་སེམས་དཀྲུགས།།
ལྷ་ལ་སྟོད་ཚིག་མ་ཤེས་རླུང་རྟ་སྒུད།།
དེང་དུས་འཁྲབ་སྟོན་མ་ཤེས་གླེན་རྟགས་བསྟན།།
འཁྱག་ལ་འབྱར་བའི་ལས་དབང་ཅི་ཞིག་ལན།།
ཧིན་སྐད་མ་ཤེས་སྨྱོ་རྟགས་གྲངས་མེད་བསྟན།།
དབྱིན་སྐད་མ་ཤེས་སྤྱི་ཚོགས་འགྲོ་སྟངས་འགལ།།
འགལ་འདུ་གྲངས་མེད་ཞིག་གི་སུམ་མདོ་ན།།
གདོང་གི་ཁྲོ་གཉེར་བསྡུས་པའི་འབྲས་རྟགས་མང་།།
སེམས་ཀྱི་སྐྱོ་སྣང་ས་མཐའི་ཡུལ་ནས་བསགས།།
དྲན་པའི་ལོ་རྒྱུས་ཕ་ཡུལ་ཕྱོགས་སུ་བྲིས།།
ཚོར་འདུ་དྲག་ཏུ་སྐྱོམ་པའི་ཁེར་རྐྱང་ང་།།
སེམས་ཀྱི་གཏིང་རིམ་ཁྲོད་ནས་འཁུན་སྒྲ་རྒོད།།
རི་བོ་ཧི་མ་ལ་ཡི་ཕྲག་སྟེང་ནས།།
དུང་བའི་མིག་ཆུ་གཏོར་བའི་ལོ་རྒྱུས་མོད་།།
སྐྱབས་བཅོལ་གྲོང་སྡེ་ཉུལ་བའི་ཚོར་འདུ་འགའ།།
མ་བཅོས་རྩིས་འཕྲུལ་ངོས་སུ་ཧོབ་ཀྱིས་ཤོར།།
སྐྱབས་བཅོལ་ཐོབ་ཡིག་འགོད་སའི་སྒོ་འགྲམ་ནས།།
དེ་རིང་གདུང་བས་བཟི་བའི་ཚོར་ཤུགས་འདི།།
སེམས་ཀྱི་ངོས་སུ་ལྷུང་ལྷུང་བཞུར་བའི་སྐབས།།
གསེར་འབྲོང་བུ་ངའི་རྡ་སའི་རི་ནས་ཤོར།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་ཧི་མ་ཅལ་ནས་ སུག་བྲིས་བགྱིས་སོ།། ༢༠༡༢ ༡༠ ༡༢