ཆུ་འཛིན་ལ་སྐྱེལ་མ།
ཆུ་འཛིན་ལ་བསྐྱེལ་མ།
གསོན་ཤུགས་ཉམས་པའི་་་
བྱེ་ཐང་གི་སྐྱོ་མདོག་དེ་དྲན་ན།
སུན་སྣང་གི་སྡུག་ཡུས་ཚོར་ཞིང།
ཐེན་པའི་ཚ་གདུང་དབུས་ནས།
ཁྱེད་ལང་ལོང་དུ་འཕྱུར་ན་བསམ།
སྨྱུ་གུ་ཡི་རྨི་ལམ་བོར་ཞིང་་་
སྔོ་ལྗང་གི་ཕུག་བསམ་བརླག་པའི།
ས་རྒོད་དེའི་སྡུག་ཡུས་ལ་སེམས་ན།
བརླན་གྱི་བཅུད་འཛིན་ཏེ།
ས་གཞི་སྐམ་པོར་སྙིང་བརྗེ་ཞིག་ཨེ་སྐྱེས།
རྒྱང་རིང་བཞུར་ཡང་ཉེ་སར་གནས་པའི་རྣམ་ཤེས་ཁྱེད།
ཆར་པ་ཆུ་འགྲོགས་འདི་་་
ལས་དབང་གི་མནར་གཅོད་ཅིག་ཡིན་སོང།
སེམས་པ་འཁྱག་ལ་འབྱར་རྗེས།
སྡོམ་རྒྱ་དང་ངན་རུལ་གྱི་ཞག་པ་བཙན་པའི།
འཇིག་རྟེན་འདིར།
སེམས་འགུལ་ཙམ་ཡང་མེད་པ་དེ།
ཁྱེད་ཀྱི་ཚོར་ཤེས་མངོན་སུམ་ཡིན་ནམ།
ཡིད་ཀྱི་རྟེན་འཕྲོག་མཁན་་་
མཁའ་དབྱིངས་ཡིན་པའི་རྐྱེན་གྱིས།
ཉིན་མཚན་མགོ་ལོག་རྗེས།
སེམས་མཐུན་གྱི་ཉི་ཟླ་གཉིས།
སོ་སོར་གྱེས་དགོས་པའི་རྒྱུ་མཚན་རེད་དམ།
ཤེལ་དཀར་གྱིས་ཁེངས་པའི་་་
ངུ་ངག་གི་དབྱངས་རྟ་ཐོས་ཀྱང།
སེ་ར་ལྟར་མཁྲེམས་པའི་རྣམ་པ་ཞིག
ངའི་མདུན་ནས་གར་ལ་བཙན།
དུས་ཡུན་ནང་་་
ཡིད་རྟེན་དེ་མག་མོག་ཏུ་གྱུར་ཡང།
སེམས་འདུན་སྔར་བས་བརྟེན་བྱུང།
དཀར་པོ་དུང་གི་ལྷག་བསམ།
ཡང་བའི་བསིལ་རླུང་དང་སྡེབས་ཏེ།
མྱུར་དུ་ཕེབས་ཤོག་ཡ།
མཚན་མོ་སྨག་གིས་ཟིན་དུས་་་
ཁྱེད་ལམ་ལ་ཆས་པའི་སྟ་གོན་བརྩམས་ཟིན།
ཆར་པ་དང་རྨུག་སྤྲིན་སྟུག་པའི་ཉིན་དེར།
ངའི་སེམས་ཀྱི་ཆུ་ཐིགས་འགའ་ཡང།
ཁྱེད་སོང་ཤུལ་དུ་བསྐྱེལ་མ་ལ་ཤོར་སོང།