མཐོང་ཐོས་འགའ

༡ ཚ་བ་ཆེ་བའི་མཚན་མོ་འདི་དག་ལ།།

སུ་དང་གང་གིས་མཐོང་ཐོས་མ་གྱུར་པའི།།

གནའ་དང་དེང་གི་ལུགས་སྲོལ་མང་པོ་ཞིག།

སྙིང་གི་དཀྱིལ་དང་ཀླད་པའི་སྦུབས་སུ་འཚང་།།

 

༢ མགོ་བོ་ན་ཞིང་རྐང་པ་སྦྲིད་པ་དང་།།

མིག་འོད་ཤོར་ཏེ་དྲན་པ་ཉམས་ན་ཡང་།།

ཟབ་གསལ་སེམས་ཀྱི་ཁ་ཕྱོགས་མི་ནོར་ཆེད།།

མདུན་ནས་མདུན་དུ་བགྲོད་པ་མང་པོ་ཞིག།

 

༣ རྣམ་རྟོག་ཆེ་བའི་ཁོར་ཡུག་དོག་པོ་རུ།།

རྣམ་རིག་བསྒྲིམས་ཏེ་ཕྱོགས་དང་མཚམས་སོ་ནས།།

ཆུ་བུར་མིག་ལ་དཀའ་ངལ་འཕར་མ་ཞིག།

སྤྲད་པའི་ངང་ཚུལ་ལུས་དང་གྲིབ་མ་བཞིན།།

 

༤ གསལ་རིག་སེམས་ཀྱི་རྣམ་གཞག་མང་པོ་ཞིག།

བློ་ལ་འཛིན་ཅིང་ཡིད་ལ་འཐད་ན་ཡང་།།

བསམ་བློ་རང་དབང་ཉིན་མོ་སྐར་མ་དང་།།

དོགས་པ་ཞིག་གིས་ཡོད་ཚད་རྒྱང་དུ་གཡུགས།།

 

༥ མི་ཡིས་དུད་འགྲོ་སྲུང་ཞིང་སྐྱོབ་པ་ཡི།།

ལོ་རྒྱུས་མང་ཞིང་ཚུལ་དང་མཐུན་ན་ཡང་།།

མི་ཡིས་མི་སྲུང་དཀའ་ཚེགས་ཆེ་བ་དང་།།

སུ་ཡིས་བལྟས་ཀྱང་ངན་པ་ཉིད་དུ་མཐོང་།།

 

༦ ཅི་སྟེ་སེམས་ལ་དྲི་མེད་ཀུན་སློང་དང་།།

ལུས་གཡོ་གོམ་སྟབས་ལུས་ལ་འཕྲོད་གྱུར་ན།།

ཁ་དང་ལག་པ་ཅུང་ཟད་འགུལ་བ་འདི།།

ཐག་རིང་ཞིག་གི་ས་ལ་དོར་ན་འགྲིག།