ཁྲིམས་ཁང་བཙུགས་པ་ཙམ་གྱིས་ཁ་མཆུ་གཏུག་བཤེར་དགོས་པའི་མི་ཁྱབ།
ཁྲིམས་ཁང་དུ་ཁ་མཆུ་གཏུག་མཁན་མེད་ན་ཡ་རབས་བཟང་སྤྱོད་ཕུན་སུམ་ཚོགས་པའི་སྔོན་ཐོན་ཅན་གྱི་དེང་རབས་མིའི་སྤྱི་ཚོགས་དྭངས་མ་ཞིག་ཡིན་པ་ལས། རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་ལ་ནམ་ཡང་ངོས་འཛིན་ཞུ་མི་ཐུབ།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༣༩༨ ཕྱི་༢༠༡༢། ༨།༨ འཁོད་པའི་ནང་འགོ་བརྗོད་དུ། “བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ནུས་མེད་དུ་གྱུར་པའི་རྒྱུ་མཚན་”ཞེས་པའི་ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པ་ཟེར་བའི་དཔྱད་རྩོམ་དེ་ཀློག་སྐབས། ང་ལ་བསམ་ཚུལ་དང་གོ་རྟོགས་གང་བྱུང་བ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་ཁུར་ནས་གླེང་འདོད་བྱུང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་བརྩི་བཀུར་ཉམས་ལེན་ཞུས་ནས། བཅའ་ཁྲིམས་དོན་ཚན་༡༣ ནང་དུ་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་མཁན་གྱི་བོད་མི་དྭངས་མ་ཞིག་ཡིན་ན། ཁྱེད་ཀྱི་གསུངས་པའི་བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ནུས་མེད་དུ་གྱུར་པ་ཟེར་བའི་ཡིག་ཕྲེང་དེ་ལ་ནམ་ཡང་ངོས་ལེན་ཞུ་མི་ཐུབ་པ་མ་ཟད། རྒྱུ་མཚན་ལྡན་པའི་བདེན་གཏམ་ངོ་མ་ཞིག་ཀྱང་མ་རེད། ཁྲིམས་ཁང་ཡོད་ཀྱང་ཞུ་གཏུག་བྱེད་མཁན་མེད་པ་དང་བཅད་ཁྲ་ཡོད་ཀྱང་བརྩི་མཁན་མེད་པའི་གཏམ་དེ་ལ། ཞིབ་ཏུ་དཔྱད་སྐབས་རྒྱལ་ཁབ་དང་སྲིད་གཞུང་ག་འདྲ་ཞིག་ཡིན་རུང་། མི་མང་གི་འཚོ་བར་འགན་སྲུང་ཐུབ་མཁན་གྱི་སྒྲིག་འཛུགས་སམ་སྡེ་ཚན་འཛིན་སྐྱོང་དང་ཁྲིམས་བཟོ། ཁྲིམས་ལུགས་སྡེ་ཚན་གསུམ་ཚང་དགོས་པ་ལྟར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དུའང་བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་གནང་སྐབས། གོང་གི་སྡེ་ཚན་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་བཟོས་ཡོད་པ་ནི། མང་གཙོའི་གཞུང་འཛིན་སྐྱོང་གནང་མཁན་གྱི་ཀ་བ་གསུམ་དེ་ཡིན་པ་ལས། ཁྲིམས་ཁང་བཙུགས་པ་ཙམ་གྱིས་ཁ་མཆུ་གཏུག་བཤེར་དགོས་པའི་ཁྱབ་མི་ཐུབ་ལ། ཁྲིམས་ཁང་ལ་ཁ་མཆུ་གཏུག་བཤེར་བྱེད་མཁན་མེད་པའི་སྒྲིག་འཛུགས་དང་དེའི་ཁྱབ་ཁོངས་སུ་ཡོད་པའི་མི་མང་དང་བཅས། ནམ་ཡང་རྗེས་ལུས་མིན་པ་ནས་ཡ་རབས་བཟང་སྤྱོད་ཕུན་སུམ་ཚོགས་པའི་སྔོན་ཐོན་ཅན་གྱི་དེང་རབས་མིའི་སྤྱི་ཚོགས་དྭངས་མ་ཞིག་ཡིན་པའི་འཛམ་གླིང་ཡོངས་ལ་ངོམ་ཆོག་པ་དང་འགྲེལ་བཤད་རྒྱག་འོས་པ་ཞིག་ཡིན་པ་ལས་བློ་འཁུམས་ནས་ནམ་ཡང་སྡོད་མི་དགོས།
བཅད་ཁྲ་ལ་བརྩི་མཁན་ཡོད་མེད་ཟེར་བ་དེ་དོ་བདག་ཁ་མཆུ་གཏུག་བཤེར་བྱ་མཁན་གྱོད་ཡ་ཕན་ཚུན་ནས་ཁ་མཆུ་གཏུག་བཤེར་གྱི་སྔོན་དུ། མོས་མཐུན་ཆོད་ཡིག་ཕུལ་དགོས་པ་དེ་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་དོན་ཚན་༡༣ པའི་ནང་གསེས་༤ པ་དང་། ཟུར་སྣོན་ཡིག་ཆ་ཁ་པ་བཅས་ཀྱི་ནང་གསལ་བ་བཞིན་དེའི་འགན་ཡང་གྱོད་ཡ་དོ་བདག་སོ་སོར་ཡོད་པ་ལས། བཙན་བྱོལ་སྒྲིག་འཛུགས་དང་སྤྱི་ཚོགས་ཡོངས་ལ་ནམ་ཡང་ཁག་དཀྲི་འགེལ་མི་ཉན་པ་དང་། ༧གོང་ས་མཆོག་གི་བླ་ན་མེད་པའི་བཀའ་སློབ་ལམ་སྟོན་ལ་བརྟེན་ནས། བཙན་བྱོལ་སྤྱི་ཚོགས་ནང་ལབ་གླེང་དང་རྩོད་རྙོག་མེད་པ་ཡ་རབས་བཟང་སྤྱོད་ཕུན་སུམ་ཚོགས་པའི་དེང་རབས་མིའི་སྤྱི་ཚོགས་མིག་དཔེ་བལྟ་ས་ཞིག་ཡོད་པ་ནི། རང་རེ་བོད་མི་ཙམ་མ་ཡིན་པར་བོད་མིར་དགའ་ཞེན་ཆེ་བའི་བོད་ཀྱི་གྲོགས་པོ་ཚང་མས་དགའ་སྤྲོ་འཕེལ་ནས། བོད་དོན་བདེན་མཐའ་གསལ་ཐབས་ལ་རྒྱབ་སྐྱོར་བྱེད་བཞིན་པ་འདི་ཡང་། གསལ་པོར་ཞུས་ན་༧གོང་ས་མཆོག་གི་བཀའ་དྲིན་དང་བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་ལ་འགན་ཁུར་པ་ལ་བརྟེན་ནས་བྱུང་བར་ངོས་འཛིན་ཞུས་ན་མ་འགྲིག་པ་མེད་པའི་ཐག་གཅོད་ཐུབ་པ་རེད།
གལ་སྲིད་བཅད་ཁྲ་ལ་བརྩི་མཁན་མེད་ན་བཅའ་ཁྲིམས་དོན་ཚན་༡༣ ནང་དུ་གསལ་པའི་བོད་ཀྱི་ཡུལ་མིའི་ལས་འགན་མ་འགྲུབ་པའི་ངོས་འཛིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གསལ་བསྒྲགས་གནང་དགོས་པ་ལས། གཞན་དུ་བྱ་ཐབས་མེད་པ་ནི་ལུང་པ་མེད་པའི་སྒྲིག་འཛུགས་ཤིག་གི་ཁྲིམས་ཁང་ཡིན་པས། གནས་དུས་ཚོད་རྩིས་བྱ་མཁན་ཡང་ཁྱེད་ཀྱི་གསུངས་པ་ལྟར། ཡོང་སྲིད་པ་བཅས་མདོར་བསྡུས་ན་ང་ཚོའི་ཁྲིམས་ཁང་ལ་འགན་ཁུར་རྒྱུ་དེ་བཟང་སྤྱོད་ཀྱི་ཐོག་ནས་འགྲོ་དགོས་པའི་དེང་རབས་ཡར་ཐོན་གྱི་ཁྲིམས་ལུགས་དྭངས་མ་ཞིག་ཡིན་པ། བློ་ལྡན་བསམ་ཡོད་བོད་མི་ཚང་མའི་ཐུགས་སུ་མངའ་བ་བཅས་ཁྱེད་ཀྱི་དཔྱད་རྩོམ་ལ་རྒྱུ་མཚན་གྱི་ཐོག་ནས་གསལ་འདེབས་ཞུས་པ་ལས་ལན་འདེབས་མིན་པ་དེ་ཡང་དགོངས་པར་ཆུབ་པ་མཁྱེན། །
ཀོ་ལི་གྷལ་གཞིས་ཆགས་ནས་གཞུང་པ་ཚེ་དབང་བསོད་ནམས་ཀྱིས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༧ ཕྱི་ལོ་ ༢༠༡༢/༡༠/༡༠ ཐོག་བཀོད།