སྨྲེང་གསོལ་བ།

ཡེ་ཐོག་སྲིད་པ་དབྱིངས་ཀྱི་གཏིང་རུམ་ནས།།   

ཡར་ཁམས་རིམ་པའི་ཐོག་སོ་དགུང་ལ་རེག།   

ཤེད་ཅན་སྲིད་པ་མངལ་གྱི་འོག་ཀློང་ནས།།  

ལྡོང་དྲུག་མི་ཡི་སྲིད་པ་འཕོས་ཞེས་གྲགས།།   

རྣམ་རིག་ཞན་པས་ཟ་ཆས་འགྲིག་ཙམ་དང་།།  

སུ་བཞི་མ་བཙུགས་མི་ཡི་ལུས་ཙམ་ལས།།  

འདི་ཡིན་བྱས་པའི་རྗེས་ཤུལ་མི་མངོན་བའི།།  

བར་སྐབས་དེ་ནི་མུན་པའི་དུས་ཀྱི་རབས།།  

གོང་སྡོད་རྗེ་ཞིག་གཉའ་བས་བཏེག་པ་ནས།།  

གྲགས་བཙན་བུ་ལ་དཔའ་བའི་གོ་ཁྲབ་གསོལ།།  

མཐའ་བསྐྱེད་དཔུང་པ་དགུང་ལ་ཕྱར་བ་འདི།།  

སྐྱེས་པའི་མི་ལ་གྲགས་པའི་གཏམ་ཞིག་འདྲ།།   

རྒྱ་ཆོས་བསྒྱུར་ནས་བོད་ཆོས་དར་བ་དང་།།    

བོད་སྐད་རྩ་བ་ཡི་གེ་བརྩམས་པ་སོགས།།   

སྲིད་པའི་ཁོངས་ན་ཆེ་སུ་འོས་པ་འདི།།      

ཟུབ་མེད་བྱས་པའི་རྗེས་ཤིག་ཡིན་པ་མངོན།།  

འཐོར་འདུས་མ་ལག་མང་བའི་རྒྱུ་ལམ་ནས།།  

དབུགས་རྔ་མ་ཆད་ཙམ་གྱི་ཆོས་སྲིད་རིག།  

མི་ལག་མི་ཡིས་བརྒྱུད་པའི་རིམ་པ་ནས།།   

ཆད་དགུ་ཐེངས་བཅུ་མཐུད་པ་ལོས་ཀྱང་བདེན།།   

མ་བརྟན་སྲིད་ཀྱི་སོ་ཁ་ཉམས་པའི་དུས།།   

ཆོས་རིག་སྣམ་སྦྱར་དྲོད་ཀྱིས་གསོ་བྱེད་པའི།།   

སྣལ་མ་སེར་པོ་བགོས་པའི་དཔུང་ཁག་ཅིག། 

མནན་ཀྱང་མི་ནོན་ཤུགས་ཀྱིས་འཕར་བ་མཐོང་།། 

ཁ་དབང་གཞན་ལ་ཤོར་བའི་གནས་སྟངས་དེ།།  

མགོ་ནག་བོད་མི་ཡོངས་ཀྱི་ཐོད་ལ་ལྷུང་།།  

རང་དབང་ཐོབ་ཐང་རྩོད་པའི་ལས་རིམ་འདི།། 

མ་བགོས་སྤྱི་ལ་དབང་བའི་བགྱི་སྒོ་ཞིག།    

ཆོས་རིག་རིན་ཆེན་མི་ཤེས་སྲིད་པའི་མིག།   

ང་ཅག་གཅེས་སུ་འོས་པའི་ཕ་ཆོས་ཏེ།།   

མི་ཉམས་བླ་རུ་འདེགས་ལ་བརྩོན་དགོས་འདི།། 

ཀུན་ལ་ཁྱད་མེད་ཐོབ་པའི་འོས་འགན་ལགས།།