མདོ་སྨད་འབོ་ར་རུ་བོད་མི་ཞིག་གིས་རང་སྲེག་ངོ་རྒོལ།

ཟླ་འདིའི་ཚེས་༢༠ ཉིན་བོད་ནང་གི་ཆུ་ཚོད་༢ ཙམ་ལ་བོད་མདོ་སྨད་བསང་ཆུ་རྫོང་འབོ་ར་དགོན་པའི་ཉེ་འགྲམ་གྱི་གཞུང་ལམ་སྟེང་། ལྷ་མོ་སྐྱབས་ཟེར་བ་ཞིག་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་ཡོད་པའི་གནས་ཚུལ་འདུག

དེ་རྗེས་ཁོང་གི་སྐུ་ཕུང་འབོ་ར་དགོན་པའི་ཚོགས་ཆེན་འདུ་ཁང་ཆེན་མོའི་སྒོར་གདན་འདྲེན་གྱིས་དེར་ཡོད་དགེ་འདུན་པ་རྣམས་ཀྱིས་སྨོན་ལམ་གསུང་འདོན་གནང་ཡོད་པ་དང་། འབོ་ར་ཚོ་བ་བཞིའི་རྒན་དར་གཞོན་གསུམ་གྱིས་གནས་ཚུལ་གོ་ཐོས་བྱུང་མ་ཐག་འཕྲལ་དུ་དགོན་པ་རུ་འདུ་འཛོམས་ཀྱིས། མ་ཎི་འདོན་དབྱངས་བྱེད་བཞིན་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུས་ཡོད་འདུག
ལྷ་མོ་སྐྱབས་ལགས་རང་ལོ་༢༧ཡིན་པ་དང་། བཟའ་ཟླའི་མིང་ལ་རྡོ་རྗེ་སྐྱིད་ཟེར་བ་དང་ལོ་༢༩ཡིན་འདུག བུ་མོ་གཉིས་ཡོད་པ་ལས་ཆེ་བ་པདྨ་མཚོ་ལོ་༡༠དང་། ཆུང་བ་འབྲུག་མོ་འཚོ་ལོ་བདུན་ཡིན་འདུག