༄༅།།ཅང་མེད་ཀྱི་འཁྱམས་པོ་ཞིག

ཁ་བྲལ་ལས་ཀྱི་འཇུག་མས་ང་ལ་ཞུས་།

མི་འདོད་ལུས་ཀྱི་ངོ་གདོང་ལྷོ་ལ་ཕྱོགས་།

ཁེར་རྐྱང་ས་མཐའི་ཡུལ་ནས་མིག་ཆུ་བཏང་།

བསམ་ཚེ་ལས་དབང་དེ་དག་ཡིད་རེ་སྐྱོ་།

འགོག་མེད་ཐུར་དུ་རྒྱུག་པའི་གཙང་པོ་དང་།

གནས་མེད་གཏན་དུ་འགྲུར་བའི་རྣམ་ཤེས་གཉིས་་།།

ཚུགས་མེད་འདོས་པར་གཡེང་བའི་ཁོ་བོའི་སེམས་།།

ས་སྟིང་འདི་ནས་སུས་ཀྱང་སྨད་པར་བྱེད་།།

བསམ་ཚེ་གདོང་གི་མིག་ཆུ་ཐུར་ལ་བཞུར་།

སྒོམ་ཚེ་སྙིང་གི་འཕར་འདིང་རྒོད་པོར་འདྲེན་།

བཤད་ཚེ ཕ་རོལ་རྣ་བ་རུམ་དུ་བཅུག།

ཨེ་མ་ཅི་ཡང་མེད་པའི་འཁྱམ་པོ་ཞིག

རིགས་ཞེན་དཀར་པོ་སྙིང་ཁའི་དབུས་སུ་བཞག

རང་གི་རྩོལ་བ་ནུས་མེད་རང་དུ་ཁུམས་།

འདི་དང་ཕྱི་མ་གང་ལ་ཅང་མེད་པའི་།

འཁྱམས་པོ་ང་འདྲ་སྐྱེ་བ་དོན་མེད་ཡིན་།

དགེ་རྒན་བཟང་པའི་སྐུ་དྲིན་ཟེར་ན་མཆོག

ཁོར་ཡུག་བཟང་པའི་འབྲས་བཟང་ཟེར་ན་མཆོག

རིགས་ཞེན་དཀར་པའི་འཇུག་འབྲས་ཟེར་ན་མཆོག

གང་ལྟར་སྐད་བརྡ་རིག་པས་རང་ཁ་གསོ་།

ཕ་མ་བཟང་པོར་དྲིན་ལན་མཇལ་པ་མེད་།

མི་རིགས་དོན་དུས་བྱས་རྗེས་བཞག་པ་མེད་།

རང་གི་དོན་དུ་མཚན་སྙན་ཆེ་བ་མེད་།

མེད་མེད་ཟེར་ཡང་རང་གི་འཚོ་མ་བཟང་།

ཞོགས་པ་ལང་ནས་གཞན་དོན་ཅུང་ཙམ་བྱས

རང་གི་དོན་དུ་དཔེ་དེབཀློག་ཙམ་བྱས་།

མི་རིགས་དོན་དུ་མནོ་བསམ་ཅུངཙམ་བཏང་།

སེམས་པ་སྐྱོ་དུས་སྙ་ངག་ཅུང་ཙམ་བྲིས་།

དགའ་སྐྱོ་འདྲིས་མའི་ཞི་འཇམ་འཚོ་བ་འདིས་།

ས་མཐའི་བུ་ཆུང་བག་མེད་ཡུལ་དུ་བཅུག

སྤྲིན་པ་ཞིན་དུ་གང་སར་གཡོ་བ་འདི་།

བཟང་ངན་གང་ཡིན་ཁོ་བོ་འབྱེད་མ་ནུས་།

སྐྱེས་ནས་འཆི་ཁར་དོན་ཆེན་ངེས་པར་དུ་།

བསྒྲུབ་དགོས་ཟེར་བ་ཀུན་ལ་གྲགས་པ་མེད་།

ཉམས་ཆུང་ས་ནས་ཞི་འཇམ་འཚོ་བ་ལ་།

རོལ་བར་འདོད་པ་མཐ་མ་ག་ལ་ཡིན་།

ནམ་འཆི་ངེས་མེད་ཆོས་ཀྱི་སྐད་ཆ་དེས་།

ཅི་ཞིག་སྒྲུབ་པར་སྐུལ་མ་བྱས་ན་ཡང་།

སྒྲུབ་འཕྲོ་ལུས་ནས་འགྲོ་དགོས་བྱུང་བའི་ཚེ་།

བཤུལ་ལུས་ཀུན་ལ་སྡུག་པའི་རྒྱུ་ལས་མེད་།

ཞིམ་པོ་གང་ཡོད་བཟའ་བར་མི་ནུས་ཞིང་།

གསར་པ་གང་ཡོད་གྱོན་པར་མི་ནུས་དེས་།

མཐའ་མ་འཆི་ཚེ་རྣམ་ཤེས་ལོག་ལམ་སོང་།

སྟོབས་འབྱོར་ཆེ་ཡང་གནོད་པའི་རྒྱུ་ལས་མེད་།

མདོར་ན་གསོན་དུས་གང་ཡོད་ཀུན་ལ་སྤྱོད་།

མཆོག་ཤེས་ངང་ནས་སྲིད་པའི་རོ་བཅུད་མྱོངས་།

རང་གིས་གང་བྱས་རང་གིས་དགའ་བ་སྒོམས་།

ཅི་བྱས་འགྱོད་པ་མེད་ན་ཚེ་འདི་བཟང་།