རྒྱ་དཀར་ནག་དབར་བོད་ས་རྩོད་པའི་དམག་འཁྲུག་བྱུང་ནས་ལོ་ལྔ་བཅུ་འཁོར་བ།
དེ་རིང་རྒྱ་གར་དང་རྒྱ་ནག་དབར་བོད་ས་རྩོད་པའི་དམག་འཁྲུག་བྱུང་ནས་ལོ་ལྔ་བཅུ་འཁོར་གྱི་ཡོད་ལ། རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་གཉའ་གནོན་གང་བྱས་པ་ཞུ་མི་དགོས་པའི་ཐོག རྒྱ་གར་གྱིས་བོད་དང་བོད་མི་དཀའ་ངལ་ཆེ་བའི་དུས་སྐབས་སུ་གང་འདྲ་གནང་ཡོད་མེད་ཀྱི་ལོ་རྒྱུས་དོན་བསྡུས་ཤིག་དྲན་གསོ་ཞུ་གི་ཡོད། ༡ ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་དམག་བོད་བསྐྱོད་དཔུང་སྡེས་བོད་མདོ་ཁམས་ཁུལ་དུ་བཙན་འཛུལ་འགོ་འཛུགས་ཀྱིས་བོད་ཀྱི་བདག་དབང་གི་བདེ་འཇགས་ལ་ཉེན་ཁ་བྱུང་།
བོད་གཞུང་གི་རྒྱལ་སྤྱིར་ཞུ་གཏུགས་གནང་བའི་བོད་ཀྱི་བདེ་སྡུག་སྙན་ཞུ་དེ་ཕྱི་ལོ་ ༡༩༥༠ ཕྱི་ཟླ་ ༡༡ ཚེས་ ༢༤ ཉིན་འཇམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་སླེབས། ཡིན་ནའང་ལོ་རྒྱུས་ཐོག་བོད་ལ་རྒྱུས་མངའ་དང་འབྲེལ་བ་ཆེ་ཤོས་ཡིན་པའི་རྒྱ་གར་གྱིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་ཀྱི་ཁྲིམས་མཐུན་གྱི་གནས་བབ་དེ་ནི་གསལ་ཁ་མེད་པར་བཤད་པར་བརྟེན་བོད་ཀྱི་གནད་དོན་ཟུར་འཇོག་བྱས། དུས་དེ་ནས་བཟུང་རྒྱལ་སྤྱིའི་ཐོག་བོད་ཀྱི་བདག་དབང་གི་གནད་དོན་ལ་ཆབ་སྲིད་ཀྱི་ཐོག་ནས་མཐུན་ཕྱོགས་ཚོས་བདག་སྤྲོད་བྱེད་མི་བདེ་བ་ཆགས། ༢ ཕྱི་ལོ་ ༡༩༥༤ ཕྱི་ཟླ་ ༤ ཚེས་ ༢༩ ཉིན་རྒྱ་གར་དང་རྒྱ་ནག་དབར་བསླབ་པ་ལྔ་ཟེར་བའི་ཚོང་དོན་གྱི་མིང་ཐོག་ནས་ཆིངས་ཡིག་བཞག ཆིངས་ཡིག་དེའི་ནང་རྒྱ་ནག་གི་བོད་དུ་ཟེར་བ་བྲིས་པ་འདི་རྒྱལ་ཁབ་གཅིག་གིས་གཞུང་འབྲེལ་ཆིངས་ཡིག་གི་ལམ་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པར་ཁས་བླངས་པ་དང་པོ་ཆགས་ཀྱི་ཡོད། ༣ མ་ཟད་རྒྱ་གར་གྱིས་ཕྱི་ལོ་ ༡༩༡༤ ཕྱི་ཟླ་ ༣ ཚེས་ ༡༤ ལ་གཏན་འཁེལ་བའི་རྒྱ་གར་དང་བོད་ཀྱི་ས་མཚམས་གསལ་བར་བཟོས་པའི་མེག་མོ་ཧན་ས་ཐིག་ལ་ཆ་འཇོག་མེད་པར་བརྗོད། ཡིན་ནའང་རྒྱ་གར་གྱིས་མེག་མོ་ཧན་ས་ཐིག་བརྒྱུད་བོད་ཀྱིས་རྒྱ་གར་དབྱིན་གཞུང་ལ་ཤོར་བའི་བོད་ཀྱི་ཧི་མ་ལ་ཡའི་ས་ཁུལ་ཁག་མུ་མཐུད་བདག་བཟུང་བྱས། མ་ཟད་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་གསར་འགོད་པར་ Tibet was the part of China. ཅེས་འགྲེལ་བརྗོད་གནང་། གནད་དོན་འདི་ Dalai Lama and India ཟེར་བའི་དབྱིན་དེབ་ཏུ་གསལ། ༤ ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༤ ཚེས་ ༢༤ ཉིན་༸གོང་ས་མཆོག་གིས་བཙན་བྱོལ་དུ་བོད་གཞུང་གི་ལས་དོན་རྒྱུན་སྐྱོང་གི་བྱེད་སྒོ་དབུ་འཛུགས་བསྐྱངས་པར་རྒྱ་གར་གཞུང་གིས་ངོས་ལེན་མེད་པའི་གསལ་བསྒྲགས་བསྐྱངས། གནད་དོན་དེའི་ཐད་ནེ་རུས་༧གོང་ས་མཆོག་གི་གསོལ་ལྕོགས་བརྡུངས། སྔ་ཕྱིར་བོད་ཀྱི་རྒྱལ་གླུ་ཞལ་འདོན་ཡིན་སྐོར་སོགས་ལས་དོན་སྣེ་མང་ཞིག་བྱེད་དགོས་བྱུང་། ༥ ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་གིས་རྒྱ་གར་ལ་བཙན་འཛུལ་བྱས། ལོ་དེའི་གཡས་གཡོན་དུ་ནེ་རུ་སྙིང་རྩ་གས་ནས་གྲོངས། རྒྱ་གར་གྱིས་རྒྱ་དམར་ནས་རྒྱ་གར་གྱི་ས་ཆ་བཟུང་བ་ཕྱིར་ལེན་བྱེད་རྒྱུའི་སྤྱི་མོས་གྲོས་ཆོད་བཞག ༡༩༧༠ དོན་གྲངས་ནང་རྒྱ་གར་གྲོས་ཚོགས་སུ་༸གོང་ས་མཆོག་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དུ་ངོས་འཛིན་མིན་ཐད་འོས་བསྡུ་བྱས་པ་བརྒྱུད་བོད་ལ་རྒྱལ་ཁ་མ་ཐོབ། དེ་ནས་བཟུང་བོད་ཀྱི་གནད་དོན་ལ་རྒྱ་གར་ནང་གི་ཆབ་སྲིད་པ་ཚོ་དོ་སྣང་དེ་ཙམ་མེད་པ་ལྟ་བུར་གྱུར། ༦ དེ་རྗེས་ར་རྗིབ་གྷན་དྷི་སྲིད་བློན་དུ་སླེབས་ནས་བསླབ་པ་ལྔའི་ཆིངས་ཡིག་གི་ནང་དོན་བསྐྱར་གསོ་བྱས། དེ་ནས་བཟུང་ད་བར་ལོ་ལྟར་ཕྱི་ཟླ་བཞི་པའི་ནང་ཕན་ཚུན་ལ་སྐུ་མགྲོན་འགྲོ་རེས་བྱེད། ལྡི་ལི་རྒྱ་ནག་གཞུང་ཚབ་ཁང་ཡོད་སའི་ལམ་ཆེན་གྱི་ཁུག་མཚམས་གཅིག་ལ་ PACHSHEEL MARGཟེར། ༧ ད་ལྟ་ཡང་རྒྱ་གར་གྱིས་ནེ་རུའི་ཆབ་སྲིད་ལངས་ཕྱོགས་རྒྱུན་སྐྱོང་བཞིན་ཡོད། ཡིན་ནའང་ཕྱི་ལོ་ ༡༩༦༢ ལོའི་དམག་འཁྲུག་དེ་ལྷགས་པའི་དབང་གིས་རྒྱ་གར་དུ་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་སྒེར་གྱི་ལས་དོན་ཁག་བྱེད་པར་སྔར་ལས་རང་དབང་ཆེ་ཙམ་བྱུང་བ་དེ་བོད་ལ་ཤ་ཚ་ནས་མ་ཡིན་པར་བོད་མི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་གསོ་སྐྱོང་བྱས་པ་དེ་རེད།
