༄༅།། ང་ལ་དབང་བའི་ངང་ཆུང་།

 

བྱེ་མའི་ཐང་ཆེན་དཀྱིལ་ན།། འཇའ་ཚོན་སྣ་ལྔ་ཤར་ཡོད།།

 འཇའ་ཟེར་དགོང་ལ་མ་ཤར།། བུ་ངའི་སེམས་ལ་ཤར་སོང་།།

 

འཇའ་ཟེར་འོད་ཁང་ནང་གི། ཡིང་འོང་མཛེས་པའི་གཡུ་སྦྲང་།།

གཤོག་སྒྲ་སྙན་མོའི་ཁུག་ནས།། གསེར་བྱེ་དངུལ་བྱེ་རང་འཐོར་།།

 

རྩྭ་ཐང་གཡུ་ལོའི་དཀྱིལ་ནས།།  ཁྲ་ཆེམ་མེ་ཏོག་བཞད་སོང་།།

 མེ་ཏོག་འདབ་ལོའི་ཁ་ན།།  སྦྲང་ཆུང་ཁེར་འཕུར་གཉིས་འཕུར།།

 

ཆུ་བོའི་གཞུང་གི་གསེར་ཉ།། དྭངས་གཙང་ཆུ་མོའི་བྲོ་བ།།

ཉ་མོའི་སེམས་ཀྱི་དྲན་བརྟེན།། ད་ལོ་སླར་ཡང་རྒྱས་བྱུང་།།

 

མཚོ་བྱ་ངང་པ་སེར་པོ།། རྒྱང་རིང་ཕྱོགས་སུ་འཕུར་སོང་།།

ངང་ཕྲུག་གཤོག་རྩལ་མ་རྒྱས།། ངང་ཆུང་ང་ལ་དབང་སོང་།།

 

ཡ་གི་བྲག་རིའི་རྩེ་ལ།། རྒོད་པོའི་གཤོག་རྩལ་མེད་ན།།

 བྲག་ཐེམ་སྟེང་གི་ནོར་བུ།།  ཉི་མ་ཟླ་བའི་ཁུར་འགྲོ།།

 

ནོར་བུ་མེ་འབར་སྣ་ལྔ།། མཇལ་འདོད་སེམས་ལ་འཁོར་ཀྱང་།།

རྒོད་པོའི་གཤོག་ཟུང་མེད་ན།། མཇལ་བའི་གོ་སྐབས་མི་འདུག།།

 

རེ་བའི་རྨི་ལམ་ཞིང་ནས།། མཇལ་བའི་སྨོན་ལམ་ཞུས་ཀྱང་།།

རེ་སྨོན་དོན་འབྲས་མ་ལྡན།། མཇལ་བའི་རེ་ཐག་ཆད་སོང་།། 

 

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་བོད་ཀྱི་

རྒྱལ་ས་གཉིས་པ་བཞུགས་སྒར་རྡ་རམ་ས་ནས་སུག་བྲིས་བགྱིས་སོ།།  ༢༠༡༢  ༡༠  ༢༠