རྩོམ་ཡིག་འབྲི་རྒྱུ་ལས་སླ་མོ་ཞིག་མ་རེད།

རྩོམ་ཡིག་འབྲི་རྒྱུ་ལ་ལས་སླ་མོ་ཞིག་མ་རེད།

བསམ་བློའི་གོ་རྟོགས་དམན་ཞིང་རྩོམ་རིག་ཀྱི་ལྟ་བ་མ་རྟོགས་པའི་སྤྱི་ཚོགས་ནང་དུ་རྩོམ་ཡིག་ཞིག་འབྲི་དགོས་ན་ལས་སླ་མོ་ཞིག་གཏན་ནས་མ་རེད།གོང་གི་ཡུལ་ལྷ་གཞི་བདག  ཟུར་གྱི་སྟག་གཟིག་དོམ་དྲེད།མཐའ་ན་དུག་སྦྲང་དང་འདྲེ་ཤིག་ཚུན་ཆད་ཀྱིས་སོ་རྒྱག་མི་ཡོང་ངམ་སྙམ་པའི་འཇིགས་སྣང་ཞིག་གིས་སྨྱུག་རྩེའི་རང་དབང་ལ་ཚད་བཀག་བཟོས་ཡོད།ཁོང་ཚོས་ཡག་བྱུང་ཟེར་བའི་ཚབ་ཏུ་འཕྱ་དམོད་དང་བསྙོན་འཛུགས་གཞི་མེད་པའི་རྣ་འཛར་དུ་མ་ཞིག་བཏགས་མི་ཡོང་ངམ་སྙམ་པའི་རྔམ་ཟིལ་གྱིས་སྤྱི་ཚོགས་ཀྱི་དགེ་སྐྱོན་གང་ཡོད་པ་རྣམས་ཇི་མ་ཇི་བཞིན་བཤད་རྒྱུའི་བློ་ཁོག་ཅིག་སྨྱུག་འཛིན་པ་སུ་ལ་ཡང་བསླེབས་ཀྱི་མེད། སྔོན་མ་ནུབ་ཕྱོགས་སུ་བསམ་བློའི་གོ་རྟོགས་མ་སད་པའི་སྔོན་དུ་ཚན་རིགས་པ་རྣམས་ཀྱིས་ས་ཡི་གོ་ལ་རང་འཁོར་བྱེད་ཀྱི་ཡོད་པའི་རྩོམ་ཡིག་བྲིས་ནས་ཡེ་ཤུ་རྣམ་བདག་ཆོས་ལུགས་ཀྱི་དཀོན་མཆོག་གི་གསུངས་རབ་དང་འགལ་ཡོད་པའི་ཉེས་མིང་འོག 

               ཚན་རིག་པ་དང་ཚན་རིག་པའི་ཁ་ཕྱོགས་ལ་ལངས་མཁན་གྱི་རྩོམ་པ་པོ་རྣམས་སྐེ་ཤོར་བའི་ལོ་རྒྱུས་ཡོད། དུས་རབས་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཡར་རྒྱས་ཕྱིན་པའིརྐྱེན་གྱིས་ཉི་ཤར་སྤར་མོས་མ་ཁེབས་པ་ཇི་བཞིན་དེང་སང་ཡེ་ཤུ་ཆོས་ལུགས་པ་ཚོས་ཀྱང་ས་ཡི་གོ་ལ་རང་འཁོར་བྱེད་ཀྱི་ཡོད་པའི་སྐད་ཆ་འདི་ལ་མོས་མཐུན་བྱ་དགོས་ཐུག་ཡོད།        བོད་པའི་སྤྱི་ཚོགས་ལ་དེ་འདྲའི་བསམ་བློའི་གོ་རྟོགས་ཡར་རྒྱས་ཤིག་གཏན་ནས་ཕྱིན་མེད་པའི་རྐྱེན་གྱིས་དངོས་ཡོད་གནས་ཚུལ་གྱི་སྤྱི་ཚོགས་ཀྱི་དགེ་སྐྱོན་བཤད་པའི་རྒྱུ་མཚན་གྱིས་རྩིས་པ་ལུང་ཤར་མ་ཤི་གསོན་མིག་བཏོན་པ་རེད།མཁས་དབང་བསམ་བློ་བ་དགེ་འདུས་ཆོས་འཕེལ་དང་།མཁས་དབང་དོན་གྲུབ་རྒྱལ་རྣམ་གཉིས་འཆི་ལམ་དུ་བསྐྱལ་བ་རེད།དེང་སང་རྩོམ་པ་པོ་ཚ་བ་མདའ་སྨྱུག་ཡང་འཆི་ལམ་དུ་བརྫངས་བའི་དོགས་གཞི་བྱེད་ཀྱི་ཡོད།དེ་ནི་ཁོ་བ་ཚོས་མི་རིགས་ཤིག་ལ་འགན་ཁུར་བའི་ལྷག་བསམ་དང་དྲང་བདེན་གྱི་སྐད་ཆ་བཤད་ནས་མཐའ་མ་ཁོང་ཚོའི་གཅེས་པའི་ཚེ་སྲོག་ཡང་ཤོར་བ་རེད།        གནས་ཚུལ་དེ་ཚོས་ང་ཚོའི་མི་རིགས་འདི་བསམ་བློའི་གནས་རིམ་གང་ཙམ་ལ་བསླེབས་ཡོད་མེད་ཀྱི་ཡིག་རྒྱུགས་ཐེངས་གཅིག་གཏོང་གི་ཡོད་པ་རེད།།སྐྱེ་བོ་ཚང་མ་ཤིང་གཅིག་ནས་བཅད་པའི་ངོས་དང་།ཁ་གཅིག་ནས་བཤད་པའི་གཏམ།སེམས་གཅིག་གི་བསམ་པའི་འདོད་པ་བཞིན།ཚང་མ་གཅིག་པ་ཡིན་དགོས་བ་ལས་ང་ཚོའི་སྤྱོ་ཚོགས་ལ་སྐད་ཆ་མ་འདྲ་བ་དང་།བསམ་ཚུལ་མ་འདྲ་ཞིག་གཏན་ནས་བཤད་མི་ཆོག་པའི་བཀག་རྒྱ་དམ་པོ་ཡོད་པ་རེད།བསམ་ཚུལ་དང་ལྟ་གྲུབ་ལངས་ཕྱོགས་མ་འདྲ་བ་ཞིག་ཡོད་ན།        དེ་ནི་ཆེས་གདུག་རྩུབ་དང་།       ཀླ་ཀློ།   ལྟས་ངན།       ལྟ་ལོག་གི་གྲལ་དུ་བརྫངས་ཡོད་པ་ནི་ཕྱི་ལྟ་ནང་ལྟ་བྱ་ན་ཤེས་ཐུབ།  

  བོད་གཞིས་བྱེས་གཉིས་ཀ་ནས་མ་ཆོག་རྣམ་གསུམ་གྱི་འཆིང་རྒྱ་དམ་པའི་འོག་ལ་མགོ་སྒུར་དགོས་བའི་བོད་ཀྱི་རྩོམ་པ་པོ་དང་།སྒྱུ་རྩལ་པ་རྣམས་ཀྱི་རང་དབང་དེ་ད་དུང་ཡང་སླར་གསོ་ཐུབ་མེད་པ་རེད།སྐད་ཆ་རྡོག་ལ་དྲིལ་ན་ང་ཚོའི་མི་རིགས་འདི་ཕྱི་ནས་རྒྱལ་ཁབ་རང་བཙན་ནང་ནས་བསམ་བློ་དང་སྨྲ་བརྗོད་རང་བཙན་ཡོངས་རྫོགས་ཤོར་ཚར་བའི་མི་རིགས་ཤིག་རེད།ཕྱི་མིའི་ལག་ནས་རྒྱལ་ཁབ་རང་བཙན་ལེན་དགོས་ན་དང་པོ་ནང་ནས་བསམ་བློ་དང་སྨྲ་བརྗོད་རང་བཙན་སྤྲད་པ་སྔོན་དུ་འགྲོ་དགོས་བ་རེད།ནང་ནས་བསམ་བློ་དང་སྨྲ་བརྗོད་རང་བཙན་མ་སྤྲད་པ་ཕྱི་ནས་རྒྱལ་ཁབ་རང་བཙན་འཐོབ་རྒྱུ་ཁག་པོ་རེད།བོད་ཀྱི་རྩོམ་པ་པོ་རྣམས་ལ་བསམ་བློ་དང་སྨྲ་བརྗོད་རང་དབང་མ་ཐོབ་ན་ནོ་ཝེ་རྩོམ་རིགས་ཀྱི་བྱ་དགའ་ཐོབ་མཁན་ཞིག་ཡོང་མི་སྲིད་པ་རེད།