གླུ་ལེན་དབུགས་ཐེངས་གཅིག་མ།

གླུ་ལེན་དབུགས་ཐེངས་གཅིག་མ།

ལས་དབང་ཁ་ཡིག་གཅིག་པའི།།

ཆུང་འདྲིས་བྱམས་པ་ངེད་གཉིས།།

ཤི་ན་དུར་རྡོ་གཅིག་པའི།།

གྲོས་ཁ་རུམ་ནས་འཆམ་མྱོང་།།

བརྩེ་བ་ཕར་ལ་བཅངས་ཡོད།།

སྙིང་གཏང་ཚུར་ལ་བཤད་སོང་།།

ཆུ་རྐྱང་ཕོ་གར་ཡོད་ན།།

ཕྱེད་བགོ་བྱེད་ཡོང་གསུང་སོང་།།

ཆུ་དང་ཉ་མོ་འདྲིས་འདྲིས།།

ང་དང་ཁྱོད་ལ་འདྲིས་སོང་།།

ལུས་དང་སེམས་པ་གཉིས་པོས།།

བདག་པོ་ང་ཡིན་གསུངས་ཐལ།།

 

དང་པོ་འཛུམ་གྱིས་ཁྲིད་ཐལ།།

གཉིས་པ་བརྩེ་བས་བསླུས་ཐལ།།

ལས་དབང་ཐོད་པའི་རི་མོ།།

ཡར་ནས་མར་ལ་འཐེན་འདུག།

 

ནམ་མཁའ་ཡར་ལ་ལངས་དུས།།

དཀོན་མཆོག་མིང་ནས་བོས་ཏེ།།

ཁྱོད་ལ་བར་ཆད་མེད་པའི།།

གསོལ་བ་སྨོན་ལམ་བཏབ་ཡོད།།

 

དགོང་མོ་མར་ལ་ཉལ་དུས།།

སེམས་པ་རྣལ་ལ་ཕབ་ཅིང་།།

ལག་པ་བྲང་ལ་བཞག་ནས།།

ལྷ་སྐུ་ཡིད་ལ་བྱས་ཡོད།།

 

ཟླ་བ་ཁེར་འགྲོས་དེ་ཡིས།།

ང་ལ་སྐྱོ་རོགས་གནང་སོང་།།

སྐར་མའི་མི་སྐད་གོ་ན།།

སེམས་གཏམ་བཤད་དགོས་བསམ་བྱུང་།།

 

ལྷ་སའི་པོ་ཏཱ་ལ་ནས།།

གྲུབ་ཐོབ་ཚངས་དབྱངས་རྒྱ་མཚོ།།

སེམས་པ་བརྩེ་བས་ཁེངས་དུས།།

སྙན་རྩོམ་ཆུ་བོ་འབབ་འབབ།།

 

གེ་སར་བདུད་ལ་འགྲོ་ཁ།།

འབྲུག་མོའི་མིག་ཆུ་མོད་ཅིང་།།

རྟ་ཁ་ལག་གིས་འཇུ་ནས།།

ངོ་གདོང་མཆི་མ་ཤུར་ཤུར།།

 

རྣལ་འབྱོར་མི་ལ་རས་པ།།

མཛེ་སེར་གྱེས་ཕྱག་ཕུལ་དུས།།

ཕྱི་ལྟས་ལན་གྲངས་མང་ཞིང་།།

ཤུགས་རིང་དབུག་ཁ་འཚང་འདུག།

 

མཚོ་མོ་དར་ཁ་འགྲིགས་དུས།།

ངང་པ་ལྷོ་ལ་བསླེབས་ཐལ།།

ཤིང་ལོ་ས་ལ་འཐོར་དུས།།

གྲང་རླུང་ལྷག་པ་འུར་ཐལ།།

 

འདས་སོང་ཕྱིར་མིག་བྱ་དུས།།

དབྱར་ཟླ་དང་པོ་སྐྱིད་ཐལ།།

སྟོན་ཟླ་མ་བསླེབས་སྔོན་ནས།།

དགུ་ཟླ་གསུམ་པ་འཁྱག་ཐལ།།

༢༠༡༢་སྤྱི་ཟླ་༩་པའི་༢༠་ལ་དེབ་ཀློག་གི་བར་གསེང་ནས་གྲོགས་པོ་ཞིག་གིས་བསྐུལ་ངོ་ལ་བྲིས་པ་ཡིན།