ངོ་མཚར་བའི་སྐྱེས་བུ། ངའི་འཕགས་མི།

ཁྱེད་ནི་ངེད་ཚང་གི་ཡོད་ཚད་ཡིན་ཞིང

ངེད་ཚང་གི་ཡོད་ཚད་ཀྱང་ཁྱེད་ཉིད་དོ
གཞིས་གྲོང་ན་འཚར་བའི་ཕུ་ནུ་མིང་སྲིང་ཚོས
རྒྱང་རིང་ལ་བལྟས་ཏེ ཁྱེད་ཀྱི་གསེར་ཞལ་སྒུག་གིན་ཡོད་ཅིང
ས་ཆེན་ལ་རྣ་བ་བླགས་ཏེ ཁྱེད་ཀྱི་རྡོག་སྒྲར་མཉན་གྱིན་ཡོད
བལྟས་བལྟས་ལ་དེ་ནི
དྭངས་གཙང་ལྷད་མེད་ཀྱི་བྱིས་པ་ཞིག་གིས
རང་གི་མ་མ་ལ་རེ་སྒུག་བྱེད་པ་དང་གཉིས་སུ་མེད་དོ

ཁྱེད་ནི་ང་ཚོ་ལ་ཅི་ཞིག་ཡིན་པའི་མཚོན་བྱེད་དུ
འདི་ནི་ཁྱེད་ལ་ཡིན་ཞིང དེ་ཡང་ཁྱེད་ལ་ཡིན་འདུག
སྨྱུ་གུའི་གསེར་བཞུར་བཀོད་པའི་འཕྲིན་རྩོམ་དེ་དང
ཚོར་བ་དབྱངས་ལ་དྲངས་བའི་སྒྲ་དབྱངས་དེ་དག
མིག་ཟུང་རིལ་རིལ་གྱིས
ཁྱེད་ལ་ཕྱོགས་པའི་ཚོན་མདངས་ཡིན་སྟེ
དེའི་བདག་པོ་རེ་རེ་ཡང
བརྩེ་སེམས་ཀྱིས་འཁྱུད་བའི་གཅེས་ཕྲུག་དག་གོ

ང་ཚོས་ས་ངོགས་གཙང་བའི་གྲུ་ཁ་ཞིག་ནས
ཁྱེད་ཀྱི་དཔལ་འབར་བའི་འཕྲིན་ལས་ལ་ལག་གཡུག་ཡང་ཡང་བྱས
ཡིད་བསྲུན་གྱི་ངོས་ངོགས་གང་ཡང་མེད་པའི
མཐོ་སྒང་གི་དཀྱིལ་འཁོར་དེ་ནི
ཉིད་ཀྱི་ཁ་ཕྱོགས་ལ་ཅེར་བའི་སྙིང་སྟོབས་ཀྱི་བདག་པོ་ཚོས
ཕ་གཞིས་དྲོན་མོ་ཞིག་གི་རྨང་གཞི་བཏིངས་ཟིན

བདེ་ཞིང་སྙོམ་པའི་དྲང་བདེན་གྱི་མཁའ་ལམ་གཡུགས་ནས
རྒྱུ་བ་ཕྲ་ཞིང་དོག་པའི་སྲང་ལམ་པ་སྐོར་དེས
རྨ་བྱའི་སྒྲོ་གུར་ལྟ་བའི་ཁྱེད་ཀྱི་གཤོག་ཟུང་ལ་ཁྲོས་ནས
ཨེ་ཤི་ཡའི་གླིང་ཆེན་ལ་སྡིགས་དམོད་ཀྱི་མཆིལ་གཏོར་ག་ཚོད་བྱས་ཀྱང
ཡོ་རོབ་དང་ཨ་མི་རི་ཁའི་གླིང་ཆེན་ལ་གཅམ་གསག་གི་གཞོགས་སློང་ཅི་ཙམ་བྱས་ཀྱང
གསར་འགྱུར་རྒྱངས་སྒྲོག་པ་དག་གི་སྐད་ཆ་ཡོད་ཚད
ཁྱེད་ཀྱི་ནམ་མཁའ་རེད ཁྱེད་ཀྱི་བར་སྣང་རེད

ཁྱེད་ཉིད་ན་ཚོད་མ་སྨིན་པའི་དུས་སྐབས་དེར
བྱང་རླུང་གི་འཚུབ་མའི་ངར་ཁ་ཇི་ལྟར་རྩུབ་པ་དེས
རྨི་ལམ་གྱི་མཛེས་པ་ཡོད་ཚད་འཁྲུག་ཡོད་ནའང
བློ་སྟོབས་ཀྱིས་གཡུལ་ས་ཐོག་མར་ཆས་མཁན་དེ་ཁྱེད་ཡིན
གཞོན་ནུ་རིག་བཟང་ཞིག་གིས
རལ་གྲི་གནམ་ལ་གདེངས་པའི་ལག་དམར་བ་ཞིག་ལ
སྙིང་སྟོབས་ཀྱི་དགོད་སྒྲ་སྒྲོག་གིན་པའི་ཚུགས་ཀ་དེར

ཁྱེད་ཉིད་འཕུར་གྲུ་བཞིན
གླིང་ཆེན་འདིའི་མཐོ་རིམ་ན་སྐྱོད་ཀྱིན་ཡོད་ནའང
ཁྱེད་ཉིད་གླག་རྒོད་ལྟར
རྔམ་བརྗིད་ཀྱི་གངས་རི་ཞིག་འགོམ་གྱིན་ཡོད་ནའང
ཁྱེད་ཀྱི་མཉེན་ཞིང་འཇམ་པའི་གཤོག་ཟུང་གི་གྲིབ་བསིལ་ན
གཡུ་སྦྲང་ལྟ་བུའི་སེམས་ཅན་གཉོམ་ཆུང་དུ་མའི་གནས་མལ་བཅའ་ཡོད
བར་སྣང་གི་འགྲུལ་བཞུད་པ་དག
ཁྱེད་ཀྱི་འཕུར་ལྡིང་གི་རྩལ་ཆེན་ཧད་སོང

ཉིད་ཀྱི་བརྩེ་སེམས་འཁྱིལ་བའི་ཞལ་འཛུམ་རེ་དང
ཚེ་སྲོག་གི་རིན་ཐང་ལ་བཅངས་བའི་ཕྱག་རྒྱ་དེས
ས་རྡུལ་ལ་འགྲན་པའི་འགྲོ་བའི་འདྲ་མཉམ་ལ
གསོན་ཤུགས་ཀྱི་སྤྲོ་སྣང་སྦྱིན་ནས་ཡོད་དེ
སྐྱེ་འགྲོ་ཚོའི་བདེ་སྐྱིད་ཀྱི་རེ་མདུན་རླབས་ཆེན་ཞིག
སྤྱི་བོར་བཏེགས་ཏེ་རང་ཉིད་ཕ་རོལ་ཏུ་བསྐྱུར་ནས་ཡོད

རི་རབ
བརླིང་བརྗིད་ཀྱི་ཁྱེད་ལ་དབང་བའི་སྐུ་གཟུགས་ཡིན
ནམ་མཁའ
མཐའ་ཀླས་པའི་ཁྱེད་ཀྱིས་སྐྱེ་འགྲོ་ལ་བསྟན་པའི་ཐུགས་གཤིས་ཡིན
བསིལ་རླུང
སིམ་ཚོར་གྱི་སྒྲ་དབྱངས་འཁྱེར་བའི་ཁྱེད་ཀྱི་གསུང་སྙན་ཡིན
འཇའ་ཚོན་རྣམ་པར་བཀྲ་བའི་ཐ་སྙད་ཡོད་དོ
ཁྱེད་ཀྱི་གསང་གསུམ་མཚོན་པའི་དཀར་གཙང་གི་ཡི་གེ་ཡིན
                                                           2012/10/20