སྲིད་སྐྱོང་བློ་བཟང་སེང་གེས་གཞུང་འབྲེལ་ཕྱོགས་བསྐྱོད།

སྲིད་སྐྱོང་བློ་བཟང་སེང་གེས་ཨ་རིའི་ནང་གི་གཟའ་འཁོར་གཉིས་རིང་གི་ལས་དོན་ཁག་ལེགས་གྲུབ་བྱུང་སྟེ། ཉིན་འདི་གར་ཡོ་རོབ་ཁུལ་དུ་ཕེབས་ཐོན་གྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་དང༌། དབྱིན་ཇིའི་རྒྱལ་ས། ཨི་ཊ་ལི་གྲོང་ཁྱེར་རོམ་སོགས་ཀྱི་ནང་གཟིགས་སྐོར་གནང་བཞིན་ཡོད་པ་རེད།

དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེ་ཟླ་འདིའི་ཕྱི་ཚེས་༦ ནས་ཚེས་༡༩ བར་ཨ་རིར་འཚམས་འདྲིར་ཕེབས་པ་ཡོད་པ་ལྟར། ཐོག་མར་ཧར་ལྦ་ཌ་གཙུག་ལག་སློབ་གྲྭའི་ནང་བོད་དང་གྲོས་མོལ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང༌། ཕྱི་ཚེས་༡༠ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་ཀོ་ལོམ་བྷི་ཡ་གཙུག་ལག་སློབ་གྲྭའི་ནང་བོད་མིའི་དམངས་གཙོའི་འཕེལ་རིམ་སྐོར་གསུང་བཤད་གནང་འདུག

དེ་བཞིན་ཕྱི་ཚེས་༡༢ ཉིན་༸གོང་ས་མཆོག་དང་ལྷན་དུ་ཨ་རི་གཞུང་གིས་བསྐོ་བཞག་གནང་བའི་བོད་དོན་ཐད་དམིགས་བསལ་འབྲེལ་མཐུད་ཀྱི་སྐུ་ཚབ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ལྕམ་མ་རི་ཡོ་ཨོ་ཊེ་རོ་དང་མཇལ་འཛོམས་དང༌། ཉིན་རྒྱབ་མེ་ནི་སོ་ཊའི་ཁྲིམས་ཀྱི་གཙུག་ལག་སློབ་གྲྭའི་ནང་། བར་ལམ་བོད་ནང་དུ་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་སྐོར་གཏམ་བཤད་གནང་།

དེ་ནས་ཕྱི་ཚེས་༡༥ ཉིན་ཨ་རིའི་མངའ་སྡེ་མེ་སཱ་ཅུ་སེཙ་ཡི་གཙུག་ལག་སློབ་གྲྭ་ཞིག་གི་ནང་བཙན་བྱོལ་སྤྱི་ཚོགས་ནང་གི་མང་གཙོའི་སྐོར་དང༌། ཕྱི་ཚེས་༡༦ ཉིན་ཀུ་རུ་ཀུ་ལ་ཚོགས་ཁང་ཆེན་མོའི་ནང་བོད་དོན་སྐོར་གཏམ་བཤད། ཕྱི་ཚེས་༡༧ཉིན་ཧར་ལྦ་ཌ་གཙུག་ལག་སློབ་གྲྭའི་ཀེ་ནི་ཌི་ཤེས་ཡོན་ཚན་པའི་ནང་བོད་ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་སྐོར་ལ་གཏམ་བཤད་གནང་ཡོད་པ་རེད།

ཕྱི་ཚེས་༡༩ ཉིན་ཨ་རིའི་ནང་གི་གཟའ་འཁོར་གཉིས་ཀྱི་ལས་དོན་གྲུབ་སྟེ། ཡོ་རོབ་ཁུལ་དུ་ཕེབས་ཐོན་གྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་དང༌། དབྱིན་ཇིའི་རྒྱལ་ས་ལོན་ཊོན། ཨི་ཊ་ལི་གྲོང་ཁྱེར་རོམ་སོགས་ཀྱི་ནང་གཟིགས་སྐོར་གནང་གི་ཡོད་པ་རེད་འདུག །