དྷ་སར་མི་མང་འདུ་འཛོམས་ཀྱི་ལས་འགུལ།
བོད་ཨ་མདོ་བླ་བྲང་བསང་ཆུ་རྫོང་དུ་ཟླ་འདིའི་ཚེས་༢༢ ཉིན་བོད་མི་དོན་གྲུབ་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། སྐུ་གྲོངས་པར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དྷ་སར་མི་མང་འདུ་འཛོམས་ཀྱི་ལས་འགུལ་ཞིག་བྱས་ཡོད་པ་རེད།
མི་མང་འཛོམས་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། དྷ་ས་ས་གནས་གཞོན་ལྷན། ས་གནས་བུད་མེད་ལྷན་བཅས་ཀྱིས་གོ་སྒྲིག་བྱས་འདུག་ལ། དྷ་ས་ཉིན་མོའི་སློབ་གྲྭ་རུ་དགོང་མོ་ཆུ་ཚོད་༦ ཐོག་མི་མང་འདུ་འཛོམས་ཀྱིས་ལག་ཏུ་ཡང་ལ་སྤར་དེ་བོད་དོན་ཆེད་རང་སྲོག་ཤོར་མཁན་ཚོར་གདུང་སེམས་མཉམ་བསྐྱེད་བྱས་ཡོད་པ་རེད།སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱིས་མི་མང་འདུ་འཛོམས་ཐོག་གསུང་བཤད་གནང་དོན། ཟླ་འདིའི་ཚེས་༢༢ ཉིན་རང་ལུས་མེར་སྲེག་གཏོང་མཁན་དོན་གྲུབ་ཀྱིས་༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས་པའི་སྐད་འབོད་བྱས་པའི་གནས་ཚུལ་འབྱོར་ཡོད་པ་དང་། བོད་མི་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱེད་མཁན་ཚང་མས་འབོད་ཚིག་དེ་གཅིག་པ་བསྒྲགས་ཡོད་སྐོར་དང་། རང་ལུས་མེར་སྲེག་གཏོང་མཁན་ཚོའི་དགོས་འདུན་དང་རེ་བ་བྱས་པ་ལ། རྒྱ་ནག་དབུས་གཞུང་དང་། ས་གནས་གཞུང་ཚང་མས་བདག་པོ་གང་ཡང་མ་བྱས་པ་མ་ཟད། སུན་གཙེར་དམ་དྲག་ཆེན་པོ་བྱས་པར་བརྟེན། རྒྱལ་གཅེས་དཔའ་བོ་དོན་གྲུབ་ཁོང་ལོ་རྒན་དྲུག་ཅུའི་ནང་དུ་སླེབས་ཡོད་པ་དང་། ནམ་རྒྱུན་དགོན་པར་སྐོར་བར་འགྲོ་སྡོད་མཁན་ཞིག་རེད་མོད། ཁོང་གིས་ཀྱང་སེམས་ནས་མ་བཟོད་པར་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱེད་དགོས་བྱུང་བ་ཡིན་སྐོར་ངོ་སྤྲོད་གནང་སོང་།
ཁོང་གིས་བོད་མིའི་སེམས་ཚོར་སྐོར་གསུང་དོན། ད་ལྟ་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ལོ་གཉིས་ཀྱི་ནང་དྲུག་ཅུ་བརྒལ་ཟིན་པ་རེད་ལ། མེར་སྲེག་གཏོང་མཁན་རེ་རེ་བྱུང་བ་དང་། ང་ཚོ་བོད་མི་ཕྱི་ལོག་ཏུ་ཡོད་མཁན་ཚོས་ག་རེ་བྱེད་དགོས་པ་རེད་བསམས་པའི་སེམས་ཚོར་ཡོད་པ་རེད་ལ། གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད། རང་ལུས་མེར་སྲེག་གཏོང་མཁན་ཚོའི་རེ་འདུན་ལ་རྒྱ་ནག་གིས་བདག་པོ་ཞིག་མ་བརྒྱབ་བར་དུ་གནས་སྟངས་ཛ་དྲག་ཏུ་ཡོང་གི་རེད་ཅེས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཁག་ཏུ་རང་ལུས་མེར་སྲེག་དེ་ཏཱ་ལའི་རུ་ཚོགས་ཀྱི་བརྒྱུད་སྐུལ་བྱས་པ་ཡིན་སྐོར་བརྗོད་ཀྱི་ཡོད་ནའང་། རྒྱ་ནག་ནང་གི་བརྒྱུད་ལམ་ཁག་ཏུ་དེའི་གནས་ཚུལ་སྐོར་གང་ཡང་མ་བཏང་བར་མི་མང་མགོ་སྐོར་གཏོང་གི་ཡོད་སྐོར་དང་། བོད་དོན་ལས་འགུལ་ཁག་གི་ནང་བོད་མི་ཚང་མ་མཉམ་ཞུགས་བྱེད་རྒྱུ་དང་། མི་རེ་རེི་བཞིན་འགན་ཁུར་དེ་བོད་ནང་གི་གནས་ཚུལ་འགྲེལ་བཤད་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།།