༄༅།།བོད་བཙན་པོའི་མཛད་པ་།།

མི་ལོ་སྟོང་གི་ཡར་སྔོན་ཞིག་ནས་།།

སྒང་པ་བོད་ཀྱི་རིགས་བརྒྱུད་བྱུང་།།

ཤིན་ཏུ་མཚར་བའི་རྩིད་འཇོའི་སྤྱོད་པས་།།

རིགས་པའི་གཞིང་དུ་དལ་གྱིས་བསྐྱལ་།།

སྣ་ཚོགས་འཚོ་བའི་འབྱུང་ཁུངས་བཙལ་ཏེ་།།

རིགས་བརྒྱུད་དུ་མས་མཐོ་སྒང་ཁེངས་།།

རུ་ཚོ་དུ་མ་གཅིག་ཏུ་བསྒྲིལ་ནས་།།

གསུམ་གཉིས་ས་ཡི་དཀྱིལ་འཁོར་བཟུངས།།

 

རྗེ་འབངས་ཡོངས་ཀྱི་བློ་སེམས་མཐུན་ཏེ་།།

སྐད་བརྡ་རིགས་པའི་སྒོ་མོ་ཕྱེས །།

ཟབ་ཅིང་རྒྱ་ཆེའི་ཆོས་ཀྱི་རིགས་པ་།།

ས་མཐོའི་བོད་ཀྱི་གཏེ་བར་དཔེལ་།།

 

བཙན་པོའི་རྟ་དམགས་ཁྲི་ཚོ་དུ་མ་།།

རྒྱ་ཡི་ཡུལ་དུ་དྲངས་བྱས་ཏེ་།།

རྒྱ་ཡི་རྒྱལ་པོ་རང་སར་མ་ཚུགས་།།

ས་མཐའི་ཡུལ་དུ་བྲོས་དགོས་ཐལ།།

 

བློ་ཡི་ཡུལ་དུ་འགྱུར་བར་དཀའ་བའི་།།

གཏམ་རྒྱུད་དུ་མ་རི་མོར་བཀོད་།།

ཞི་མཐུན་རྡོ་རིང་ས་ཕྱོགས་གང་སར་།།

བཙན་གྱིས་བཙུགས་པ་ཀུན་གྱིས་ཤེས་།

རྒྱ་དང་བལ་གྱི་ལོ་པན་དུ་མ་།།

ས་མཐོའི་ལྗོངས་སུ་གདན་དྲངས་ཏེ་།།

བུ་རམ་ཤིང་པའི་བཀའ་དང་དགོངས་འགྲེལ་།།

ཁ་བའི་སྤྱན་གྱི་ཡུལ་དུ་བསྐྲུན་།།

 

འདི་དང་ཕྱི་མའི་བདེ་སྐྱིད་དོན་དུ་།

གངས་པའི་སེམས་སུ་ནན་གྱིས་བཅུགས་།།

དེ་དང་དེ་འདྲའི་མཛད་བཟང་དུ་མ་།།

འདྲའི་བློ་ཡིས་དཔག་པར་དཀའ་།།

 

ཁྲི་རལ་རྒྱལ་པོས་རྡོ་རིང་ངོས་སུ་།།

དབོན་ཞང་མཐུན་པའི་རྡོ་རིང་བཙུགས་།།

རྒྱ་ཡུལ་རྒྱ་དང་བོད་ཡུལ་བོད་ཞེས་།།

སོ་སོའི་མཚན་ནས་ལེགས་པར་བསྐོས་།།

 

འདྲ་འདྲའི་དབར་བས་སོ་སོའི་དབར་ན་།།

ཕོ་ཉ་གཏོང་བའི་ལམ་སྲོལ་བཏོད་།།

གནས་བཞག་སྤུན་གྱི་གྲོགས་སུ་བྱས་ནས་།།

གཞི་མཐུན་བསམ་པས་རང་ས་བསྐྱངས་།།

 

སྒང་པའི་འགྲོ་སྐུན་བདེ་བའི་དོན་དུ་།།

དབུལ་ཕྱུག་ལན་གསུམ་བཀའ་ཡིས་མཉོམས་།།

དག་པ་ཆོས་ཀྱི་མཐུན་རྐྱེན་བསྒྲུབ་ཕྱིར་།།

སེར་མོའི་སོགས་ལ་འགྲོ་མང་བྱིན་།།

 

དེ་ལྟར་མཐོ་སྒང་བདེ་བར་དགོངས་ཀྱང་།།

ངན་པའི་ཚོགས་ཀྱིས་གནོད་བྱས་སྟེ་།།

ཕུགས་འདུན་བཟང་པོ་ཐུགས་ལ་བཅང་བཞིན་།།

ཕྱི་མའི་ཡུལ་དུ་གཞན་གྱིས་བསྐྱལ་།།

 

གླང་དར་རྒྱལ་པོས་སྲིད་དབང་བཟུང་སྟེ་།།

དམ་པའི་ལྷ་ཆོས་དུག་ཏུ་དགོངས་།།

གོས་སེར་ཅན་རྣམས་སྐྱ་ས་ཕབས་ཏེ་།།

ལྷ་ཁང་ནང་དུ་གཤས་ལ་བཙུགས་།།

 

བཀའ་དང་དགོངས་འགྲེལ་མེ་རུ་བསྲེགས་ཏེ་།།

དྭངས་བའི་ཞིང་ཁམས་མུན་དུ་བསྒྱུར་།།

མཐས་མ་མེས་པོའི་རྡོ་རིང་ཀློག་བཞིན་།།

སྲོག་གི་དབང་པོ་གཞན་གྱིས་བཀག།

 

དེ་ལྟར་བསམ་ཚེ་བཙན་པོ་ཉེར་གཉིས་།།

གངས་རིའི་དོན་དུ་རང་སྲོག་འཇིགས།།

མཛད་བཟང་སྟོང་གིས་གང་པའི་བུ་རྒྱུད་།།

བདེ་བའི་གཞིང་དུ་ལེགས་པར་བསྐོད་།།

 

ད་ལྟའི་བར་དུ་ཁྱོད་ཀྱི་མཛད་བཟང་།།

ཁྱོར་བཞིན་ཁྱོར་བཞིན་གྱེན་དུ་ལངས་།།

སྲིད་མཐའི་བར་དུ་ཁྱོད་ཀྱི་ཤུལ་བཞག་།།

འཇིག་པར་མི་ནུས་བཙན་པོ་ལགས་།།

ཅིས་པ་འདི་ནི་སྟག་ཚང་རིག་རྒོད་དུ་འབོད་པས་གཞན་ཡུལ་ས་མཐའ་ནས་བོད་བཙན་པོའི་མཛད་པ་ལ་ཅུང་ཙན་དྲན་པའོ་།། །།