ནང་ཆོས་དང་ཚན་རིག་གི་ཟབ་སྦྱོང་།
ཟླ་འདིའི་ཚེས་༢༣ ནས་ཉིན་གསུམ་རིང་སུད་སི་རི་ཀོན་ཆོས་འཁོར་དགོན་(SCIENCE MEETS DHARMA) ཞེས་པའི་ཚོགས་པས་སྣེ་ཁྲིད་གོ་སྒྲིག་འོག སྣོད་བཅུད་རྟེན་འབྲེལ་རིག་པའི་ངོ་སྤྲོད་དང་གནམ་གཤིས་རིག་པའི་དགོས་ངེས།
དེ་བཞིན་ཁོར་ཡུག་གི་ཀུན་སྤྱོད་རྣམ་བཞག་ཅེས་པ་སོགས་ཀྱི་བརྗོད་གཞིའི་ཐོག་བོད་ཀྱི་ནང་ཆོས་དང་ནུབ་ཕྱོགས་པའི་དེང་དུས་ཀྱི་ཚན་རིག་གཉིས་ཟུང་འབྲེལ་གྱི་ཟབ་སྦྱོང་ རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཌི་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་འདུ་ཁང་གསར་པའི་ནང་འཚོགས་ཡོད་པ་རེད།
ཟབ་སྦྱོང་དེའི་ཐོག་སྐུ་མགྲོན་གཙོ་བོ་ས་གནས་གཞིས་འགོ་དང་དགའ་ལྡན་ཤར་བྱང་གཉིས་དང་འབྲས་སྤུངས་སྒོ་མང་བློ་གསལ་གླིང་། ར་སྟོད། བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་དགེ་སྐོས་དང་ཕྱག་མཛོད་རྣམ་པ། དེ་བཞིན་ཕྱི་རྒྱལ་ནས་ཕེབས་པའི་ཚན་རིག་ཟབ་ཁྲིད་པ་རྣམ་པ་དང་གྲྭ་ཚང་ཁག་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་ནས་ཕེབས་པའི་ཚན་རིག་སློབ་གཉེར་བ་བཅས་མཉམ་ཞུགས་གནང་ཡོད་པ་རེད།
སྐུ་མགྲོན་གཙོ་བོ་ས་གནས་གཞིས་འགོ་བསོད་ནམ་བསྟན་འཛིན་གྱིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་དོན། ནང་ཆོས་དང་ཚན་རིག་གི་གླེང་གཞིའམ་བརྗོད་གཞི་དེ་ལོ་མང་སྔོན་ནས་༧གོང་ས་སྐྱབས་མགོན་མཆོག་གིས་དགོངས་གཞི་རེད། ནུབ་ཕྱོགས་ཀྱི་ཚན་རིག་མཁས་དབང་ཚོའི་ཀྱང་ད་ལྟའི་ཆར་ནང་ཆོས་ལ་དོ་སྣང་དམིགས་བསལ་བ་ཞིག་བྱེད་ཀྱི་ཡོད་པ་རེད། ང་རང་ཚོས་ཀྱང་༧གོང་ས་མཆོག་གིས་དགོངས་གཞི་ནང་བཞིན་དེང་དུས་ཀྱི་ཚན་རིག་ལ་ངེས་པར་དུ་སྦྱང་བརྩོན་བྱེད་དགོས་པ་གལ་ཆེན་པོ་རེད་ལ། དེ་ལྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད། དེ་ག་ནང་བཞིན་ཚན་རིག་ཟབ་སྦྱོང་གོ་སྒྲིག་པ་དང་སློབ་གཉེར་བ་ཡོངས་ཀྱིས་སྤྱངས་འབྲས་ལེགས་སོན་ཡོང་བའི་རེ་བ་དང་སྨོན་འདུན་ཡོད་ཅེས་སོགས་གསུངས་སོང་།
དེ་རྗེས་མཁན་རིན་པོ་ཆེ་རྣམ་པའི་འཐུས་ཚབ་དགའ་ཤར་མཁན་པོ་བྱང་ཆུབ་ཆོས་ལྡན་གྱིས་མཛད་སྒོ་དང་འབྲེལ་བའི་ལམ་སྟོན་གསུང་བཤད་གནང་དོན། ཟབ་སྦྱོང་འདི་ལྟར་བཙུགས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་གདན་ས་གྲྭ་ཚང་ཁག་གི་སློབ་གཉེར་བ་རྣམ་པ་ དབུ་གཞུགས་གཙོས། ལས་ཀྱི་སྣེ་མོ་བ་ཚོའི་ལེགས་པར་དགོངས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ལས་འཆར་འདི་ལྟར་བཙུགས་དོན་དེ། བོད་ཀྱི་ནང་ཆོས་སླེབ་གཉེར་གྱི་བསྟི་གནས་འདི་དག་ཚན་རིག་སློབ་གཉེར་གྱི་བསྟི་གནས་སུ་བསྒྱུར་རྒྱུའི་དམིགས་ཡུལ་དེ་གཏན་ནས་མ་རེད། ང་ཚོའི་དམིགས་ཡུལ་དང་པོ་དེ་སྡེ་དགོན་འདི་དག་ཇི་སྲིད་ནམ་གནས་ཀྱི་བར་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་འཛིན་སྐྱོང་སྤེལ་གསུམ་དང་ཐོས་བསམ་སྒོམ་གསུམ་གནང་རྒྱུ་དེ་རེད། འདི་དུས་དང་རྣམ་པ་ཀུན་ཏུ་བརྗེད་མི་རུང་བ་ཞིག་རེད། དམིགས་ཡུལ་དང་པོ་དེ་བོར་བརླགས་མེད་པའི་ཐོག་ནས་ཚན་རིག་སློབ་སྦྱོང་བྱས་ནས་དུས་རབས་དང་མཐུན་པའི་ཕྱག་ལས་གནང་ཐུབ་ན་དགེ་མཚན་ཆེན་པོ་རེད་ཅེས་སོགས་གསུངས་སོང་
ཟབ་ཁྲིད་དེ་དང་འབྲེལ་བའི་སྐོར་ལ་ད་ཐེངས་ཆོས་ཚན་ཟུང་འབྲེལ་གྱི་ཟབ་སྦྱོང་གོ་སྒྲིག་དང་འགན་ཁུར་གནང་མཁན་དགེ་བཤེས་བློ་བཟང་བསམ་གཏན་ལ་བཅར་འདྲི་བྱས་པར། ཚན་རིག་ཟེར་ན་ཡང་རེད། ནང་ཆོས་དང་འབྲེལ་བའི་SCIENCE MEETS DHARMA ཞེས་པའི་ཚོགས་པ་འདི་སུད་སི་རི་ཀོན་ཆོས་འཁོར་དགོན་དུ་༧གོང་ས་མཆོག་གིས་བཀའ་དགོངས་བཞིན་བཙུགས་པ་རེད། དེ་ནས་བཟུང་༧གོང་ས་མཆོག་གིས་ཚན་རིག་གལ་ཆེན་པོ་ལ་བརྩི་ཡི་ཡོད་པས། གདན་ས་གྲྭ་ཚང་སོ་སོའི་ནང་ལོགས་སུ་ཚན་རིག་འཛིན་གྲྭ་བཙུགས་པ་མ་ཟད་སུད་སི། འཇར་མན་སོགས་ཡོ་རབ་ཀྱི་རྒྱལ་ཁབ་ཁག་གཅིག་ནས་ཚན་རིག་དགེ་རྒན་ཆེད་གཏོང་གི་༢༠༠༡་ནས་༢༠༡༠ བར་སློབ་ཁྲིད་གནང་བ་རེད། ༢༠༡༡ ལོའི་མཇུག་ནས་གདན་ས་གྲྭ་ཚང་ནང་ཚན་རིག་སློབ་སྦྱོང་དང་དགེ་རྒན་མངགས་གཏོང་སོགས་འགན་ཆ་ཚང་གྲྭ་ཚང་སོ་སོ་ནས་ལེན་བཞིན་ཡོད་པ་རེད་ཅེས་དང་། ཡང་ཁོང་གིས་མུ་མཐུད་ནས་གསུངས་དོན། ཟབ་སྤྱོང་འདི་༢༠༡༠ ལོར་གདན་ས་གྲྭ་ཚང་དུ་ཐོག་མ་འགོ་བཙུགས་པ་རེད། དེ་རིང་གི་ཟབ་སྦྱོང་འདི་ཐེངས་གསུམ་པ་དེ་རེད། ད་ལོའི་ཟབ་སྦྱོང་འདིའི་བརྗོད་གཞི་གཙོ་བོ་ནང་ཆོས་ཀྱི་ཁོར་ཡུག་དང་འབྲེལ་བའི་ཐོག་ནས་སྣོད་བཅུད་རྟེན་འབྲེལ་གྱི་རིག་པ་ཞེས་པའི་བརྗོད་གཞིའི་ཐོག་ཟབ་སྦྱོང་གནང་གི་ཡོད་པ་རེད། དེ་ལ་ནང་པ་སངས་སྒྱས་པའི་གཞུང་ནས་ཕན་ཚུན་ལྟོས་གྲུབ་ཟེར་གྱི་ཡོད་པ་རེད་ལ། དེ་དང་འབྲེལ་ནས་ནུབ་ཕྱོགས་པའི་ལྟ་གྲུབ་དང་ཚན་རིག་ཐོག་ནས་ཟབ་ཁྲིད་གནང་གིན་ཡོད་པ་རེད་ཅེས་སོགས་གསུངས་སོང་།།
མོན་གྷོ་གསར་འགོད་པས།