བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོ་རུ་རང་སྲེག་ངོ་རྒོལ།
ཟླ་འདིའི་ཚེས༢༦ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་༢།༣༠ ཡས་མས་ཙམ་དུ་མདོ་སྨད་བསང་ཆུ་རྫོང་། ཨ་མཆོག་ཡུལ་ཚོའི་དམག་ཁང་དང་ཁྲིམས་ཁང་གི་མདུན་ཐད་ནས། བོད་མི་ལྷ་མོ་ཚེ་བརྟན་གྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་ཡོད་འདུག་ཅེས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ་རྒན་ཨ་འཇམ་གྱིས་འགྲེལ་བརྗོད་གནང་སོང་།
ཁོང་གིས་འགྲེལ་བརྗོད་གནང་བ་ལྟར་ན། སྐབས་དེར་རྒྱ་ནག་གཞུང་གི་དམག་མི་ཧ་ཅང་མང་པོ་འབྱོར་ཏེ། དམ་དྲག་བྱེད་ཀྱི་ཡོད་ནའང་། རང་ལུས་མེར་སྲེག་པ་ལྷ་མོ་ཚེ་བརྟན་གྱི་སྐུ་ཕུང་འབྲེལ་ཡོད་ཚོས་ནང་དུ་གདན་འདྲེན་ཞུ་ཐུབ་ཡོད་འདུག
ཁོང་ནི་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོ། ཨ་མཆོག་སྐེད་སྡེ་པ་ནས་ཡིན་པ་དང་། ཕ་མིང་ལ་ཚེ་རིང་ལོ་༤༩དང་མ་གཟུངས་འདུས་སྐྱིད་ལོ༥༠ ཡིན་འདུག ཁོང་རང་ལོ་༢༤ ཡིན་པ་དང་། བཟའ་ཟླའི་མིང་ལ་ཚེ་རིང་ལྷ་མོ་དང་། ཁོང་གཉིས་ལ་ལོ༢ སོན་པའི་བུ་མོ་ཞིག་ཡོད་འདུག །
