སླར་ཡང་འབར་མའི་ནང་པ་དང་ཁ་ཆའི་དབར་མི་གསོད་ཁྲག་སྦྱོར།
ཟླ་འདིའི་ཚེས་༢༦ ཉིན་བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། འབར་མའི་ནུབ་ཕྱོགས་སུ་གནས་པའི་ཁ་ཆེ་གྲངས་ཉུང་མི་རིགས་དང་། ནང་པ་ཡུལ་མིའི་དབར་སླར་ཡང་ཟིང་འཁྲུག་གིས་དོན་རྐྱེན་འོག ཁྱོན་མི་གྲངས་༥༡ ཡི་རང་སྲོག་ཤོར་བ་དང། དེ་བཞིན་མི་གྲངས་༦༤ ལ་རྨས་སྐྱོན་ཕོག་ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༢༡ རེས་གཟའ་སྤེན་པ་ནས་ཟིང་འཁྲུག་དེ་བསྐྱར་དུ་ལངས་ཏེ། ཁ་སང་རེས་གཟའ་ཕུར་བུའི་བར་སྐྱེས་པ་༢༥ དང་བུ་མེད་༣༡ བཅས་ཀྱི་རང་སྲོག་ཤོར་བ། མི་གྲངས་༦༤ ཙམ་ལ་རྨས་སྐྱོིོན་ཕོག་པ། ཁང་ཁྱིམ་༢༠༠༠ ཡས་མས་ཤིག་ཟིང་འཁྲུག་འོག་གཏོར་བཤིག་སོང་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།
འདི་ལོའི་ཟླ་བ་༦ པའི་ནང་མི་རིགས་གཉིས་པོའི་དབར་ཟིང་འཁྲུག་ལངས་ནས་མི་གྲངས་༩༠ ཡི་རང་སྲོག་ཤོར་ཡོད་པ་དང། ཁང་ཁྱིམ་༣༠༠༠ ཙམ་གཏོར་བཤིག་སོང་བ། དེ་བཞིན་མི་གྲངས་༧༥,༠༠༠ ཙམ་རྒྱལ་ཁབ་ནང་ཁུལ་དུ་སྐྱབས་བཅོལ་ལ་འགྲོ་དགོས་པའི་ཛ་དྲག་གི་གནས་སྟངས་བྱུང་ཡོད་པ་རེད།
འབར་མའི་སྲིད་འཛིན་ལས་ཁུངས་ཀྱིས་ཟིང་འཁྲུག་ངན་བསྐུལ་བྱེད་མཁན་སུ་ཡིན་ལ་ཁྲིམས་གཏུག་བྱེད་རྒྱུ་ཡིན་སྐོར་དང། འབར་མའི་དཔོན་རིགས་དང། དམག་མི། སྐོར་སྲུང་བས་ཕྱར་གྲུ་མཉམ་འདེགས་ཀྱིས་ས་གནས་མི་མང་ལ་ཞི་བདེ་ལྷིང་འཇག་བསྐྱར་གསོ་ཡོང་ཐབས་སུ་འབད་བརྩོན་ཤུགས་ཆེ་བྱེད་ཀྱི་ཡོད་ལུགས་སོགས་བརྗོད་འདུག
མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རི་རྒྱལ་ཁབ་སོགས་ཀྱིས་དོན་རྐྱེན་དེར་སེམས་འཚབ་ཡོད་སྐོར་དང། ཟིང་འཁྲུག་དེ་ཞི་འགྲིག་ངང་འཕྲལ་དུ་མཚམས་འཇོག་དགོས་པའི་རེ་བསྐུལ་བྱས་ཡོད་པ་རེད།
ནེ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་དང། འབར་མའི་མང་གཙོའི་དབུ་ཁྲིད་ལྕམ་ཨང་སན་སུ་ཅིས་ཁ་ཆེ་དང་ནང་པ་བར་གྱི་ཟིང་འཁྲུག་ཐོག རང་གི་ཚོར་སྣང་དང་ལངས་ཕྱོགས་གང་ཡིན་སོགས་སྐད་གསང་འཐོན་པོས་མ་བརྗོད་པས་རྐྱེན་གྱིས་ཕྱི་ནང་གང་ས་ནས་སྐྱོན་བརྗོད་བྱེད་མཁན་ཡང་མང་པོ་ཡོད་པ་རེད།
སྤྱིར་འབར་མའི་སྲིད་གཞུང་དང་མི་མང་གཉིས་ཀྱིས་འབར་མར་ཡོད་པའི་རྭོ་ཧིང་རྒྱ་ (Rohingya) ཞེས་པའི་ཁ་ཆེ་མི་གྲངས་འབུམ་བརྒྱད་དེ། ཁྱིམ་མཚེས་རྒྱལ་ཁབ་བྷང་ལ་དྷེ་ཤི་ནས་འབར་མར་བཙན་འཛུལ་བྱས་པ་ཞིག་ལ་ངོས་འཛིན་གྱིས། ཁ་ཆེ་ཚོ་འབར་མའི་མི་རིགས་ཤིག་ལ་བརྩི་ཡི་མེད་ལ། ཁོང་ཚོར་མི་སེར་གྱི་ཐོབ་ཐང་ཡང་དེ་བས་མེད་པ་རེད།
ཕར་ཕྱོགས་ནས་བྷང་ལ་དྷེ་ཤིའི་སྲིད་གཞུང་གིས་རྭོ་ཧིང་རྒྱའི་ཁ་ཆེ་དེ་སོ་སོའི་རྒྱལ་ཁབ་ཀྱི་མི་སེར་ཞིག་ལ་ངོས་འཛིན་གྱི་མེད། རྭོ་ཧིང་རྒྱའི་མི་རིགས་དེ་འཛམ་གླིང་གྲངས་ཉུང་མི་རིགས་དཀའ་ངལ་དང། བཤུ་གཞོག་ཆེ་ཤོས་མྱོང་མཁན་གྱི་གྲངས་ཉུང་མི་རིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
རྭོ་ཧིང་རྒྱའི་ཁ་ཐོར་གྲངས་འབོར་ཏེ། འབར་མར་འབུམ་༧ དང། སྦང་ལ་རྡེ་ཤིར་འབུམ་༣ པ་ཀི་སི་ཐན་དུ་འབུམ་༢ ཐ་ཡི་ལན་དུ་འབུམ་༡ མ་ལེ་ཤི་ཡར་སྟོང་ཕྲག་༢༤ བཅས་ཡིན་པ་རེད།