བཙན་བྱོལ་ནང་དུ་བོད་མི་ཇེ་ཉུང་དུ་འགྲོ་བཞིན་པ།
སྤྱི་ཚོགས་འཚོ་བ་དངོས་ལ་ཉན་ཞིབ་དང་ཁ་བརྡ་གང་མང་བྱས་པ་བརྒྱུད་གནས་ཚུལ་མང་པོ་ཞིག་མ་མཐོང་ཐོས་བྱུང་། དེ་ཡང་དེང་སང་རྒྱ་གར་དང་བལ་ཡུལ་ནང་དུ་བོད་ཇེ་ཉུང་ནས་ཇེ་ཉུང་འགྲོ་བཞིན་པ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཏུ་འགྱུར་བཞིན་འདུག
བོད་ནས་རྒྱ་གར་དུ་ཡོང་མཁན་ལས་གརྒྱ་བལ་ནས་བོད་དུ་འགྲོ་མཁན་མང་བ་ཡོད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད། བོད་ནང་དུ་དཔལ་འབྱོར་ཡར་རྒྱས་མིག་མཐོང་ལག་ཟིན་འགྲོ་བཞིན་པའི་དབང་གིས། བཙན་བྱོལ་སྤྱི་ཚོགས་ནང་བོད་ནས་ཡོང་སྟེ་འདི་གར་མི་ལོ་བཅུ་ལྷག་འཚོ་བ་སྐྱེལ་ནས་ཐ་ན་ཕྲུ་གུ་ཡང་དུ་མ་བཙས་ཟིན་པའི་ཕ་མ་མི་ཉུང་བ་ཞིག་ཐབས་ཤེས་སྣ་ཚོགས་བྱས་ཏེ་བོད་དུ་ལོག་ཐུབ་པའི་རེ་བ་དང་མ་འོངས་པར་སྒེར་གྱི་འཚོ་བ་དང་བུ་རྒྱུད་རྣམས་ལ་ཡང་མདུན་ལམ་དང་ཤེས་ཡོན་ཚད་མཐོ་རག་པའི་དགེ་མཚན་ཆེ་བ་གཟིགས་མཁན་མི་མང་དཀྱིལ་མའི་མང་སྒེར་གྱི་སེམས་གཏམ་བཤད་ཀྱིན་དངོས་སུ་ལག་ལེན་དུ་འགྲོ་ཇེ་མང་རེད། བཙན་བྱོལ་སྤྱི་ཚོགས་ཀྱིས་དཔལ་འབྱོར་དང་ཤེས་ཡོན་གང་ཐད་ནས་མི་མང་འདོད་བློ་ཁེངས་པའི་ལས་དོན་ཚགས་ཚུད་མེད་པའི་སྣང་ཚུལ་ལམ་ཡང་ན་དེང་སང་དཔལ་འབྱོར་ནི་སྤྱི་སྒེར་གཉིས་ཆར་ཆེས་མེད་དུ་མི་རུང་བའི་གནས་བབ་གཅིག་ཏུ་རང་བཞིན་གྱིས་མཐོང་འགྲོ་བ་དང་། ཡུལ་ལུང་གི་ཁྲིམས་དང་ལམ་ལུགས་དབང་གིས་གསར་འབྱོར་ཚོ་ལ་དཔལ་འབྱོར་དང་ཤེས་ཡོན་གཉིས་ཆའི་ཕྱོགས་ནས་གྱང་ཁ་ཆེན་པོ་རག་གི་ཡོད་པས། བོད་མང་གི་ཕ་མ་མང་པོ་ཞིག་ནས་ཀྱང་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་དངོས་དེ་ཧ་གོ་ར་སྤྲོད་སོང་བའི་དབང་གིས་རང་གི་བུ་རྒྱུད་ཀྱང་འཚོ་བའི་དཀའ་ཁག་ཆེ་ཞིང་མ་འོངས་མདུན་ལམ་ཆུང་ལ་ཤེས་ཡོན་ཚད་ལྡན་མེད་པའི་གནས་སྟངས་དངོས་དེ་དག་རིམ་པས་ཧ་གོ་དོན་རྟོགས་ནས། དེང་སྐབས་བོད་ནས་རང་གི་ཕྲུ་གུ་བཙན་བྱོལ་སློབ་སྦྱོང་གི་ཆེད་དུ་གཏོང་བ་ཆེས་ཉུང་ནས་ཉུང་དུ་འགྲོ་བཞིན་དང་། ཆོས་བརྒྱུད་སོ་སོའི་གྲྭ་ས་ཁག་ནས་ཀྱང་གྲྭ་བཙུན་མང་པོ་ཞིག་རང་ཡུལ་མི་འདོད་བཞིན་དུ་གཏན་ལོག་བྱེད་བཞིན་པའི་གནས་བབ་དངོས་འདིས། དོན་དངོས་ཐོག་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་མང་པོ་ཞིག་ལ་གོ་བརྡ་སྤྲོད་ཀྱིན་པའི་རྟགས་མཚན་ངོ་མ་ཞིག་ཅི་ལ་མིན། ཉིན་འགའ་སྔོན་ལ་རྒྱ་གར་རྒྱལ་ས་ལྡི་ལི་ནས་བལ་ཡུལ་དུ་ཡོང་མཁན་སྤྱི་སྤྱོད་རླངས་འཁོར་busགཅིག་གི་ནང་དུ་བོད་མི་བཅོ་ལྔ་ལྷག་ཙམ་ཡོད་པ་ལས་དེའི་ནང་ནས་བོད་མི་བཅུ་གཅིག་པོ་བོད་དུ་གཏན་ལོག་བྱེད་མཁན་ཤ་སྟག་རེད་འདུག་པ་དང་། དེ་བཞིན་ཉིན་ལྟར་བལ་ཡུལ་ནས་བོད་དུ་གཏན་ལོག་བྱེད་མཁན་དང་ཕ་མ་སྤུན་མཆེད་ཐུག་འཕྲད་བྱེད་དུ་འགྲོ་མཁན་ཇེ་མང་ནས་ཇེ་མང་རེད། རྒྱུ་ཚོགས་དེ་དག་ལ་བརྟེན་ནས་གྲྭ་ས་ཁག་གི་གྲྭ་བཙུན་ནས་བཟུང་བཙན་བྱོལ་བོད་ཀྱི་སློག་གྲྭ་ཁག་གི་སློབ་ཕྲུག་དང་བོད་མི་དཀྱིལ་མ་སོགས་མདོར་ན་མི་ལོ་བཅུ་བཅོ་ལྔའི་ཡར་སྔོན་ནས་བོད་ནས་རྒྱ་གར་དུ་ཡོང་མཁན་རྣམས་སླར་ཡང་བོད་དུ་ལོག་འགྲོ་གི་འདུག་པས།
རྒྱ་རྒྱ་ཡུལ་ན་སྐྱིད་བོད་བོད་ཡུལ་ན་སྐྱིད་པའི་ལོ་རྒྱུས་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱིས་ཁོང་རྣམ་པའི་རེ་འདོད་དང་ལྷག་པར་དུ་མ་འོངས་མདུན་ལམ་དངོས་ལ་ཁ་ཚ་དགོས་གཏུགས་ཀྱིས་ལས་དོན་བསྒྲུབ་མ་ཐུབ་པའི་རྟགས་མཚན་གསལ་པོ་རེད་འདུག་པ་འདྲ།