ཨ་རིར་མཐོང་ཆེན་ཞུས་པའི་རྒྱུད་རིམ།

སྔོན་ བདག་གི་ལོ་རྒྱུས་རྒྱ་ཡིག་དེབ་དཔར་བསྐྲུན་གནང་མཁན་ནམ།   ཨ་རིར་བརྟེན་གཞི་ བྱས་པའི་ངལ་རྩོལ་བསྒྱུར་བཀོད་ཐེབས་རྩ་ཁང་གིས་འདི་ལོའི་ཟླ་དྲུག་པར་རྒྱ་འོག་ ཆབ་སྲིད་བཙོན་པའི་སྐོར་གཙོས་པའི་ཚོགས་འདུ་ཞིག་བསྐོངས་འཆར་ལྟར།  ཐེབས་རྩ་ཁང་ དེའི་འགོ་འཛིན་སྐུ་ཞབས་ཝུའུ་ཧོང་ཏ་ཡིས་ང་རང་ཚུད་པའི་བསྡོམས་རྡ་སར་གནས་སྡོད་ བོད་ཀྱི་བཙོན་ཟུར་ལྔ་ཚོགས་བཅར་ཡོང་ཕྱིར་རྒྱབ་གཉེར་གནང་ཞིང།  དེའི་ཕྱིར་ཕྱི་ སྤྱོད་མཐོང་ཆེན་གྱི་གོ་རིམ་ཡོངས་བརྒྱུད་༢༠༡༢ཟླ་༥ཚེས་༢ཉིན་ལྡི་ལིར་ཨ་རི་ གཞུང་ཚབ་ཏུ་མཐོང་ཆེན་ཞུ་བར་བཅར།

རྒྱུན་ རིམ་མ་འཆད་སྔོན་ངལ་རྩོལ་བསྒྱུར་བཀོད་ཁང་དེ་ངོས་སྦྱོར་རག་རིམ་ཙམ་བྱས་ན་འདི་ ལྟར་རེད།  ཨ་རིར་བརྟེན་གཞི་བྱས་པའི་ངལ་རྩོལ་བསྒྱུར་བཀོད་ཐེབས་རྩ་ཁང་དེ་རྒྱ་ མི་ཝུའུ་ཧུང་ཏས་བཙུགས་པའི་སྒེར་གྱི་ཚོགས་པ་ཞིག་དང།  དེའི་ནང་རྒྱ་འོག་སྡུག་ སྦྱོར་མནར་གཅོད་མྱོང་དང་མྱང་ཟིན་པའི་མི་རྒྱུ་གཉིས་ཀྱི་དཔང་རྟགས་དང་རིག་གསར་ གཙོས་ལོ་རྒྱུས་ཕྱོགས་བསྒྲིགས་འགྲེམས་སྟོན་དང།  དེ་བཞིན་པར་སྐྲུན་བྱེད་པ་མ་ ཟད།  རྒྱ་རིགས་ཤེས་ཡོན་ཅན་ཚོས་ལུགས་སྣ་ཚོགས་ཀྱི་རྩོམ་རིགས་ཆེད་བརྗོད་སྤེལ་ ས་ལྟ་ཞིབ་ཅེས་པའི་རྒྱ་དབྱིན་སྐད་གཉིས་ཀྱི་དྲ་རྒྱ་ཞིག་ཀྱང་གཉེར་ཡོད།

ཚོགས་ པ་འདིས་དེ་སྔོན་བཙོན་ཟུར་ཉི་ཤུ་ལྷག་གི་ལོ་རྒྱུས་དེབ་དཔར་འགྲེམས་ཞུས་པའི་ནང་ བོད་ཀྱི་བཙོན་ཟུར་དཔལ་ལྡན་རྒྱ་མཚོ་དང་ཨ་མ་ཨ་བདེ།  གུས་མོ་རང་གིས་བྲིས་པའི་ སྒེར་གྱི་ལོ་རྒྱུས་དེབ་བཅས་བོད་ཀྱི་བཙོན་ཟུར་གསུམ་གྱི་རྒྱ་ཡིག་དེབ་དཔར་ འགྲེམས་གནང་ཡོད་པ་རེད།   སྐུ་ཞབས་ཝུའུ་ཧུང་ཏས་དེ་སྔོན་ངལ་རྩོལ་བསྒྱུར་བཀོད་ ཅེས་པའི་དོན་གྱི་ལོའོ་ཀེ་ཞེས་པའི་ཚིག་འདི་ཇི་བཞིན་དབྱིན་ཡིག་ཚིག་མཛོད་གྲགས་ ཅན་ Oxford ནང་ འཇུག་ཐུབ་ཐབས་ལ་འབད་འབུངས་ཧུར་ཐག་བྱས་མཐར་རེ་འདུན་དེ་གྲུབ་པ་མ་ཟད།  རྒྱ་ནག་ གི་བཙོན་འོག་གནས་པའི་ཡ་ང་བའི་གནས་སྟངས་སྐོར་རྒྱུ་ཆ་མཁོ་སྒྲུབ་ཕྱིར་རྒྱ་ནག་ ཏུ་སྤྱོད་ཅིང་བཙོན་འཇུག་བྱས་པ་སོགས་དཀའ་སྡུག་སྣ་ཚོགས་མྱང་མྱོང་བའི་རྒྱ་ རིགས་རྒན་རབས་ཅིག་ཡིན།

ད་ ཐེངས་སྐུ་ཞབས་ཝུའུ་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ཝ་ཤིང་ཀྲོན་དུ་ཚོགས་འདུ་འདི་ བསྐོངས་རྒྱུ་དང།   ཐོག་མར་ང་དང་རོགས་པ་གཞན་གཉིས་བཅས་མི་གསུམ་ལྡི་ལིར་ སོང། ཉིན་དེར་ངའི་རོགས་པ་གཅིག་ཐོག་མར་དེར་བཅར་སྐབས་སྒེའུ་ཁུང་འགྲམ་གྱི་ལས་ བྱེད་དེས་ཤོག་བུའི་བླུགས་སྣོད་ནང་ལྟ་ཙམ་ཡང་མི་བྱེད་པར་བོད་པ་ཡིན་པ་མཐོང་བ་ ཙམ་གྱིས་དབྱིན་སྐད་ཐོག་དགོངས་དང་ཞེས་བརྗོད་དེ་རྒྱུ་མཚན་གང་ཡང་མ་འགྲེལ་བར་ ཕྱིར་བསློགས་བྱུང།  ངས་རོགས་པ་དེ་དང་ངེད་གཉིས་ཀྱི་གནས་སྟངས་ཆ་ཚང་གཅིག་ མཚུངས་ཡིན་པའི་ཆ་ནས་མཐོང་ཆེན་རག་རྒྱུ་ཁག་པོ་ཡིན་པར་གདིང་ཚོད་གང་ཙམ་བྱུང་ ཡང།  དེ་མུར་བཞག་ན་རོགས་པའང་མི་བདེ་བ་གྱུར་ན་ཡག་པོ་མེད་བསམ་པའི་སྣང་རྟོག་ བཞིན་མཐོང་ཆེན་ཞུ་བར་བཅར།  དོན་གཅོད་ནས་མངགས་པའི་སྐད་སྒྱུར་ཁོང་དང་མཉམ་དུ་ ནང་དུ་ངང་སྒུག་སྐབས་བོད་མིར་སྡང་གཟུགས་ཆེ་བ་ཡོད་སྐོར་གྱི་ཨ་རི་མི་དེ་ཟུར་ ནས་འགྲོ་བར་མཐོང་ནས་འཕྲིས་སུ་སོང་སྟེ་ང་ལ་སྐད་ཆ་བཤད་རྒྱུ་ཡོད་བྱས་པས་འདིར་ སྒུག་དགོས་ཟེར་ནས་ངའི་སྐད་ཆར་ཉན་མ་བྱུང།

ཁང་ མིག་གཞན་དེའི་ནང་ལག་པའི་པར་རྒྱབ་སྟེ་དྲི་བར་ལན་འདེབས་ཀྱི་གོ་སྐབས་རག་སྐབས་ ཧ་ཅང་བྱང་ཆ་མེད་པའི་དབྱིན་སྐད་ཐོག་ནས་ད་ཐེངས་ཨ་རིར་ཚོགས་ཆེན་འདི་རྒྱ་བོད་ ཆབ་སྲིད་བཙོན་ཟུར་རྣམས་མཉམ་བཞུགས་བྱ་རྒྱུ་དང།  བོད་ཀྱི་གནས་སྟངས་ཛ་དྲག་དང་ བཙོན་པ་རྣམས་ཀྱི་གནས་སྟངས་སོགས་ཚོགས་ཐོག་ནས་བསྒྲགས་ཐབས་དགོས་གལ།  དེ་མིན་ རྒྱ་བོད་གཉིས་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གལ་ཆེན་ཚོགས་འདུ་ཞིག་ཡིན་ སྟབས་ང་ཚོ་ངེས་པར་དུ་བཅར་ཐབས་དགོས་ཤིང།  ང་ཚོ་ཚོགས་འདུར་བཅར་མ་ཐུབ་ཚེ་བོད་ ཕྱོགས་ཀྱི་སྲིད་བཙོན་སྐོར་སྟོང་ཆ་ལྷག་རྒྱུ་ཡིན་པར་བརྟེན་ཅི་ནས་ཀྱང་མཐོང་ ཆེན་སྤྲོད་རོགས་ཅེས་རེ་བ་ཞུས།

དེ་ ནས་དུས་ཡུན་སྒུག་དགོས་པའི་བཀའ་ལྟར་དེར་ཡོད་གཞན་མི་ཡོངས་རྫོགས་སོང་མ་ཚར་བར་ བསྡད་དུ་བཅུགས་བྱུང།  རྗེས་སུ་སྐད་གཏོང་ནས་སླར་སྒེའུ་ཁུང་འགྲམ་དུ་ལས་བྱེད་ གཞན་ཞིག་སར་དྲི་བར་ལན་འདེབས་སྐབས།  ཁོས་ཨ་རིར་ཅིའི་ཕྱིར་འགྲོ་དགོས་པ་ དང།  ཕར་ཕྱོགས་སྤུན་ཉེ་ཡོད་མེད་བཅས་དྲིས་བྱུང་བ་མ་ཟད།   ད་དུང་བོད་མི་ཚོ་ཨ་ རིར་མཐོང་ཆེན་ཞུས་ནས་ཕྱིར་ལོག་གི་མེད་ཚུལ་བཅས་བརྗོད།  ངས་ཚོགས་འདུ་དེའི་ གནས་ཚུལ་དང་ཨ་རིར་སྤུན་ཉེ་མེད་ཅེས་དང།  གལ་ཏེ་བོད་མི་སུས་ཁྲིམས་འགལ་ལུགས་ འགལ་བྱས་ན་དེར་དཔག་པའི་ཐག་གཅོད་དགོས་པ་ལས་།  བོད་མི་ཡིན་པ་ཙམ་གྱིས་རྒྱུག་པ་ ལེབ་རྡུང་གིས་ལུགས་མཐུན་གྱིས་ཨ་རིར་འགྲོ་མཁན་རྣམས་ལ་གཅིག་མཚུངས་ཀྱི་ནག་ཉེས་ བཀལ་མི་རུང་བ་སོགས་བཤད།    འོན་ཀྱང་མཐར་ཁོས་གཅིག་མཚུངས་ཀྱིས་དེ་སྔོན་བོད་ མི་མང་དག་གིས་སྐད་ཆ་འདི་འདྲ་བཤད་རྗེས་ཕྱིར་ལོག་མེད་ཚུལ་བཅས་དགོངས་སེལ་གསུང་ ནས་མཐོང་ཆེན་སྤྲད་མ་བྱུང།

དེ་ རྗེས་ཀྱང་རོགས་པ་གཞན་དེ་ལའང་མཐོང་ཆེན་རག་མི་འདུག  སླར་ཡང་མགྲོན་ཤོག་གཏོང་ མཁན་ངལ་རྩོལ་བསྒྱུར་བཀོད་ཁང་གི་སྐུ་ཞབས་ཝུའུ་ལགས་དང་ལས་བྱེད་ཆོས་རྒྱལ་ལགས་ གཉིས་དབར་ཕན་ཚུན་གནས་སྟངས་སོགས་ཁ་པར་བརྒྱུད་ཐེངས་འགར་འགྲེལ་བརྗོད་ བྱས་།  ཁོང་གཉིས་ཀྱིས་སླར་ཡང་ངེས་པར་དུ་རག་ཐབས་ཕྱིར་སྐུ་ཞབས་ཝུའུ་ལགས་སྒེར་ གྱི་ངོ་ཤེས་རྒྱུས་ཡོད་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གནད་ཡོད་མི་སྣ་ཞིག་ བརྒྱུད་ལྡི་ལིའི་ཨ་རིར་གཞུང་ཚབ་དང་འགྲེལ་མཐུད་གནང་གི་ཡིན་པ་དང།  ཉིན་ཤེས་ རིང་ལྡི་ལིར་ངང་སྒུག་དགོས་པའི་བཀའ་ལྟར་ཟླ་༥ཚེས་༢ནས་ཚེས་༡༡བར་སྒུག་པ་ཡིན།

དེའི་ རིང་སྟབས་མ་ལེགས་ནས་ལྡི་ལིའི་ཚ་བས་རྡུང་ནས་གྲོད་པ་བཤལ་བ་དང་ཕོ་བ་ན་བ།  ཚ་ བར་མ་བཟོད་ནས་ཟས་བཅུད་ཉམས་པ་བཅས་བྱུང་།  དུས་མཚུངས་ངོ་ཤེས་འགའ་དང་འཕྲད་ཅིང་ ཨ་རིར་མཐོང་ཆེན་ཞུ་ཕྱོགས་སྐོར་ཁ་བརྡ་བྱས་།  ངོ་ཤེས་གཅིག་གིས་ཨ་རིའི་གཞུང་ ཚབ་ཀྱི་མཐོང་ཆེན་སྤྲད་མཁན་ལས་བྱེད་ཚོས་སྒེར་གྱི་སྣང་བ་སྤྲོ་མིན་དང།  མཐོང་ ཆེན་ཞུ་མཁན་ཚོའི་ལམ་འགྲོ་རྒྱུག་མིན་ཁོ་ནར་ལས་འདི་འགྲིག་གན་ནོར་ཟེར་བའི་ ལུགས་མཐུན་འདྲ་མེད་ཚུལ། གཞན་ཡང་དེ་སྔོན་གྲྭ་པ་ཞིག་གིས་ཨ་རིའི་གཞུང་ཚབ་ཀྱི་ ཤེལ་སྒོ་བཅག་པ་ནས་བཟུང་དེ་ནས་བོད་མིར་སྡང་གཟུགས་ཆེ་ལུགས།  དེའི་ཕྱིར་༸གོང་ ས་མཆོག་གིས་ཀྱང་དགོངས་སེལ་གསུངས་སྐོར།  ཉེ་སྔོན་ནས་ཁྱིམ་ཚང་ཟླ་བསྒྲིལ་གྱི་ མི་སྣ་ལས་གཞན་བོད་མི་གང་འདྲ་ཡིན་ཡང་ཨ་རི་གཞུང་ཚབ་ནས་མཐོང་ཆེན་སྤྲད་ཀྱི་མེད་ ཚུལ་སོགས་བཤད་སོང།

དེ་ རྗེས་སྐུ་ཞབས་ཝུའུ་ཧུང་ཏ་ལགས་ཀྱིས་ཚོགས་པ་བཞི་འཁོད་ཀྱིས་ངེད་བཙོན་ཟུར་ལྔ་ལ་ ཕར་འགྲོ་ཚུར་འོང་ལ་འགན་སྲུང་གནང་བའི་རྒྱབ་གཉེར་ཡི་གེ་གསར་པ་ཞིག་དང། ཨ་རིའི་ གཞུང་འབྲེལ་གནད་ཡོད་མི་སྣ་བརྒྱུད་སླར་དུས་བཀག་གིས་མཐོང་ཆེན་ཞུ་བར་འགྲོ་ དགོས་ལུགས།   ཁོང་གིས་ངེད་ཚོའི་མཐོང་ཆེན་ཞུ་བའི་དུས་ཚོད་ལྟར་ཨ་རིའི་གནད་ ཡོད་མི་སྣ་དེས་གཞུང་ཚབ་ལ་ཁ་པར་བརྒྱུད་མཐོང་ཆེན་སྤྲད་དགོས་པའི་སྐོར་བཀའ་གནང་ ཡོང་ཐབས་བཅས་བྱ་རྒྱུ་ཡིན་གསུངས་སྟབས།  ཚེས་༡༡ཉིན་ཕྱིར་རྡ་སར་འབྱོར་ནས་མཉམ་ རུབ་ཀྱིས་སླར་ཡང་མཐོང་ཆེན་ཞུ་རྒྱུ་གྲ་བསྒྲིག་བྱས།

ཟླ་ ༥ཚེས་༢༣ ཉིན་གྱི་ཞོགས་པ་ཆུ་ཚོད་༡༠དང་སྐར་མ་༤༥ཐོག་ང་དང་རོགས་པ་གཞན་བཞི་ལྡི་ ལིར་ཨ་རིའི་གཞུང་ཚབ་ཏུ་མཐོང་ཆེན་ཞུ་བར་བཅར་བ་ཡིན། དེ་ནས་སླར་མི་རེ་ངོ་རེ་ བྱས་ཏེ་སྐད་ཆ་དྲིས་པའི་ནང་ང་རང་ཨང་དང་པོ་རེད་འདུག  མཐར་ཚང་མར་དྲི་བ་བཀོད་ ཚར་རྗེས་ལག་འཁྱེར་ཕྱིར་ལེན་ནས་ཉིན་འགར་སྒུག་དགོས་ཟེར་བྱུང།  ད་ཐེངས་ཀྱི་ དཔོན་པོ་འདི་ངལ་རྩོལ་བསྒྱུར་བཀོད་ཁང་འགོ་འཁྲིད་དེས་ངོ་ཤེས་པའི་མི་དེ་རེད་ འདུག  ང་ཚོ་མི་ལྔར་ལྡི་ལི་དོན་གཅོད་ཀྱིས་ཕྱིར་ལོག་པའི་ཁེས་ལེན་དམ་བཅའ་ཡི་ གེ་རེ་བྲིས་བཅུག་པ་ལྟར་དེ་ཡོད་ལས་བྱེད་ཀུན་དགའ་ལགས་ཀྱིས་རོགས་འདེགས་འོག་ དབྱིན་ཡིག་ཐོག་བྲིས།  ད་ནི་ལྡི་ལིར་བསྡད་མིན་གྱི་ཁྱད་པར་མེད་སྐོར་གསུང་བ་ ལྟར་ཕྱིར་རྡ་སར་འབྱོར་རྗེས་གཟའ་ཟླ་བའམ་མིག་མར་བར་ངང་སྒུག་བྱས་པ་དང།  ཉིན་ གཉིས་རིང་ཕྱིར་འབྱོར་གྱི་ཡིག་ཆ་བཟོས་རྗེས་བྲེལ་འཚུབ་ཀྱིས་ངང་ནས་ཐད་ཀར་ལྡི་ ལིར་གནམ་ཐང་ཤར་རྒྱུག་གིས་ལྡི་ལི་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཏྲོན་བར་ཆུ་ཚོད་༡༣ གྱི་འགྲུལ་བཞུད་བྱས་མཐར་༢༠༡༢ཟླ་༦ཚེས་༨ཉིན་ཨ་རིར་འཚོགས་པའི་༼བོད་ནང་ངལ་རྩོལ་ བསྒྱུར་བཀོད་༽ཅེས་པའི་ཚོགས་འདུར་བཅར་ཐུབ་ཙམ་བྱུང་སོང་ལ།  ད་ཐེངས་ངེད་བཙོན་ ཟུར་ལྔ་དང་།  ཨ་རིར་གནས་འཁོད་བཙོན་ཟུར་གཉིས་བཅས་མི་བདུན་ཚོགས་བཅར་གྱི་འགྲོ་ སོང་ཡོངས་བསྡོམས་ཨ་སྒོར་ཁྲི་གཅིག་ལྷག་བཏང་ཡོད་པ་རེད་འདུག