ས་སྐྱའི་ཆོས་སྒར་དུ་མཁན་པོ་དང་དཔོན་སློབ་ཁྲི་འདོན།
ཟླ་འདིའི་ཕྱི་ཚེས་༢༦ཉིན་རྒྱ་གར་ལྡེ་ར་ལྡུན་དཔལ་ས་སྐྱ་ཆོས་སྒར་དུ་མཁན་པོ་དང་དཔོན་སློབ་འཁྲི་འདོན་གྱི་མཛད་སྒོ་ཞིག་ ༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཚོགས་ཡོད་པ་རེད།
དེ་ཡང་ གནས་ཚུལ་ས་གནས་ཐུབ་བསྟན་རྒྱལ་མཚན་གྱིས་གནས་ཚུལ་མཁོ་གཏོང་གནང་བ་ལྟར་ན། དཔལ་ལྡན་ས་སྐྱ་པའི་རྗེ་བཙུན་གོང་མ་སྣ་ལྔའི་ཡ་གྱལ་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོའི་དགོངས་པ་ཆོས་དབྱིངས་སུ་གཏད་པའི་འདས་མཆོད་ས་མཆོད་ཆེན་མོ་སྔོན་འགྲོའི་ཆ་ཤས་སུ་ཟླ་འདིའི་ཕྱི་ཚེས་༢༦ དང་བོད་ཟླ་དགུ་པའི་ཚེས་༡༢་ཉིན་གྱི་སྔ་དྲོ་ཚོུད་༡༠ དང་ཕྱེད་ཐོག་དཔལ་ས་སྐྱ་༸གོང་མ་བདག་ཁྲི་རིན་ པོ་ཆེ་དང་འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་བཅས་དབུ་བཞུགས་ཐོག་མཁན་པོ་བླ་སྤྲུལ་དང་། དེ་བཞིན་ཉེར་འཁོར་གནས་པའི་དགོན་སྡེ་ཁག་གི་སྐུ་ཚབ། གཞན་ཡང་བདེ་སྐྱིད་གླིང་དང་སྤུ་རུ་ཝ་ལ་སོགས་ཀྱི་གཞིས་འགོ་ཁག་དང་མི་མང་བཅས་ཁྱོན་མི་མང་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཐོག གནས་རྟེན་བགྲེས་པ་དང་གཞུང་ཆེན་ཁག་ལ་གསན་བསམ་མཐར་སོན་པ་ཁག་བཅས་མཁན་པོ་དང་དཔོན་སློབ་ཀྱི་ཁྲི་འདོན་གནང་སོང།
སྐབས་དེར་སྐྱབས་མཆོག་༸གོང་མ་རིན་པོ་ཆེ་མཆོག་གིས་བཀའ་སློབ་བསྩལ་སྐབས། ཁྲི་སྟོན་གྱི་དགོས་དམིགས་སོགས་གསུངས་རྗེས་ང་རང་ཚོའི་ད་ལྟའི་དུས་སྐབས་འདིར་བོད་ཕྱི་ནང་གཉིས་ཀར་ཆེས་ཛ་དྲག་གི་དུས་སྐབས་ཤིག་ཡིན་པས། ང་རང་ཚོར་ཡོད་པ་ནང་ནས་རྩ་ཆེ་ ཤོས་དེ་ཆོས་དང་རིག་གཞུང་གཉིས་པོ་དེ་རེད། དེ་སྲུང་སྐྱོབས་གནང་རྒྱུ་ལ་ཤེས་ཡོན་ཅན་ཚོས་ཤེས་ཡོན་དང་། འབྱོར་པ་ཅན་ཚོས་མཐུན་རྐྱེན་དེ་བཞིན་གཞོན་སྐྱེས་ཚོས་སློབ་སྦྱོང་གནང་སྟེ་ཚང་མས་ཁུར་མཉམ་རུབ་གནང་དགོས་རྒྱུ་དེ་གལ་ཆེན་རེད། ད་ཆ་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིི་ཐུགས་རྗེ་བཀའ་དྲིན་ལ་རྟེན་ནས། དེ་དག་གི་ཡར་རྒྱས་ཀྱི་གཞི་རྩ་རྨང་གཞི་ལྟ་བུ་བཙུགས་ཐུབ་ཡོད་རེད། དེར་བརྟེན། དེ་དག་མི་ཉམས་གོང་འཕེལ་ལ་ཤུགས་སྣོན་རྒྱག་རོགས་གནང་ཞེས་སོགས་བཀའ་སློབ་གནང་སོང་།
རིམ་བཞིན་དགོན་སྡེ་ཁག་དང་ཚོགས་སྒེར་སོགས་ཀྱི་མཁན་པོ་དང་དཔོན་སློབ་རྣམས་ལ་མཇལ་དར་ཕུལ། ང་དགུ་དུས་འགྱུར་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོ་བཀའ་རབས་འབྱམས་པ་དགེ་བའི་གཤེས་གཉེན་སོགས་གནས་རིམ་གྱི་མཚན་སྙན་འབུལ་ཕྱོགས་མི་ཉུང་བ་ཞེས་ཉམས་ཆགས་ཕྱིན་ཡོད་ནའང་། མཁན་པོ་དང་དགེ་བཤེས་ཀ་བཅུ་པ་སློབ་དཔོན་སོགས་ད་ལྟ་བར་མུ་འཐུད་གནང་བཞིན་ཡོད་ནའང་དཔོན་སློབ་ཀྱི་མཚན་ཉིད་སྐྱར་གསོ་གནང་བ་དེ་བཙན་བྱོལ་དུ་ཐོག་མ་དེ་ཆགས་ཡོད་འདུག
སྤྱིར་བཏང་དཔོན་སློབ་ཞེས་པ་དེ་དུས་འགྱུར་མ་བྱུང་སྔོན་ས་སྐྱའི་གདན་ས་ནས་སྐྱབས་མགོན་༸གོང་མ་ཁྲི་ཆེན་རྣམ་པས་འཁྲུལ་མེད་ཀྱི་ཕྱག་རྟགས་བསྩལ་ནས་མདོ་ དབུས་ཁམས་གསུམ་དུ་ཡོད་པའི་ས་དགོན་ཁག་ཏུ་བླ་སྐོས་གནང་བ་ཞེས་ཡིན་འདུག དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོའི་འདས་མཆོད་ས་མཆོད་ཆེན་མོ་འདི་བཞིན་བོད་གཞིས་བྱེས་གཉིས་སུ་དཔལ་ལྡན་ས་སྐྱ་པ་ཡོངས་ཀྱིས་ཉིན་བཅོ་ལྔ་རིམ་སྲུང་རྩི་གནང་བཞིན་ཡོད་འདུག་པ་མ་ཟད་འཆར་ལ་ཉེ་བའི་བོད་ཚེས་༡༤ཉིན། ས་དགོན་ཡོངས་ཀྱིས་བླ་མ་མཆོད་པའི་ཆོ་ག་དང་གཞན་ཡང་རྟག་བསལ་དང་བགྲོ་གླེང་ཆོས་བཤད་སོགས་ཀྱི་ལམ་ནས་སྲུང་བརྩི་དངོས་སུ་ཞུ་གནང་རྒྱུ་ཡིན་འདུག ཉིན་དེར་དགོན་པའི་ལས་སྣེ་འཕོ་འགྱུར་དང་མཁན་པོ་སོགས་ཁྲི་འདོན་གནང་སྲོལ་ཡོད་པ་ལྟར་དེ་རིང་གི་མཛད་སྟོན་འདི་ཡང་ས་མཆོད་དུས་ཆེན་གྱི་ཆ་ཤས་ཤིག་ཡིན་འདུག