གལ་ཆེའི་འབོད་བསྐུལ།

ཕྱི་རྒྱལ་རང་དབང་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་གངས་ཅན་སྐྱེ་འགྲོ་ཀུན་གྱིས་གསོན་ཅིག    ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་ཕྱི་ལོ་ ༢༠༡༢  པའི་ཟླ་ ༡༠  ཚེས་  ༢༦  སྟེ་དེ་རིང་གི་བར།   བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་དྲུག་ཅུ་རེ་དྲུག་གིས།

  འཇིག་རྟེན་ན་གཅེས་པའི་ཚེ་སྲོག་དྲོན་མོ་ང་ཚོའི་ཆེད་དུ་གསོན་སྲེག་བཏང་ནས་གཏན་དུ་བཤེགས་ཟིན།   དེའི་ནང་ན་དགོན་བདག་གི་བླ་མ་ཡོད་རེད།   དགོན་པའི་མཁན་སྤྲུལ་ཡོད་རེད།   གྲྭ་བཙུན་དཀྱུས་མ་ཡོད་རེད།   ད་དུང་གཅེས་པའི་བུ་ཕྲུག་གི་ཕ་མ་ཡོད་རེད།   བརྩེ་བའི་བཟའ་ཚང་གི་ཁྱོ་ག་དང་ཆུང་མ་ཡོད་རེད།    དགུང་ལོ་བདུན་ཅུར་སླེབས་པའི་ལོ་ལོན་ཡོད་རེད།    སློབ་རའི་ནང་གི་ན་ཆུང་སློབ་མ་ཡང་ཡོད་རེད།

དེང་སྐབས་བོད་ནང་དུ་མཚོན་ན།    དགོན་བདག་མེད་པས་དགོན་པ་བདག་མེད་དུ་ལུས་ཡོད།   གྲྭ་བཙུན་མེད་པས་དགོན་པ་སྟོང་པར་ལྷགས་ཡོད།  ཕ་མ་མེད་པའི་དྭ་ཕྲུག་གིས་ངུ་འབོད་སྒྲོག་བཞིན་ཡོད།   ཁྱོ་ག་མེད་པའི་ཡུགས་མོས་བྲང་ཁོག་རྡུང་བཞིན་ཡོད།  ཆུང་མ་མེད་པའི་ཁྱོ་བོས་འོ་དོད་འབོད་བཞིན་ཡོད།

འདི་སུའི་ཆེད་དུ་རེད།   བོད་མི་ས་ཡ་དྲུག་གི་མ་འོངས་བདེ་སྐྱིད་ཁོ་ནའི་ཆེད་དུ་རེད།   བོད་ཆོལ་གསུམ་ཆོས་རྒྱུད་དང་བཅས་པའི་ཆེད་དུ་རེད།     སྲིད་སྐྱོང་བློ་བཟང་སེང་གེའི་ཆེད་དུ་རེད།  བཀའ་བློན་རྣམ་པ་བདུན་གྱི་ཆེད་དུ་རེད།   སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དབུས་སྤྱི་འཐུས་ཡོངས་ཀྱི་ཆེད་དུ་རེད།   ཁྲིམས་ཞིབ་པ་ངག་དབང་འཕེལ་རྒྱས་ཀྱིས་དབུས་ཁྲིམས་ལུགས་འབྲེལ་ཡོད་རྣམས་ཀྱི་ཆེད་དུ་རེད།    དེ་བཞིན་གཞུང་འབྲེལ་ལས་ཁུངས་ཡོངས་ཀྱི་ཆེད་དུ་རེད།  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་དབུས་གཞོན་ནུའི་ཚོགས་མི་ཡོངས་ཀྱི་ཆེད་དུ་རེད།   བོད་ཀྱི་བུད་མེད་ལྷན་ཚོགས་སོགས་མདོར་ན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཆེ་ཆུང་ཡོད་དོ་ཅོག་གི་ཆེད་དུ་རེད།   ཁྱོད་ཀྱི་ཆེད་དུ་རེད།  ངའི་ཆེད་དུ་རེད།   བཙན་བྱོལ་བོད་མི་ཡོངས་ཀྱི་ཆེད་དུ་རེད།

དེས་ན་ང་ཚོས་ག་རེ་བྱེད་དགོས་སམ་ཟེར་ན།  འདི་ལྟར་བྱེད་དགོས།   སྲིད་སྐྱོང་བློ་བཟང་སེང་གེས་དབུས་བཀའ་བློན་རྣམས་ཀྱིས་དབུ་ཁྲིད་པའི་བོད་གཞུང་ལས་བྱེད་ཡོངས་དང་།   དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་རང་དབང་ཅན་གྱི་ཚོགས་སྡེ་ཡོངས་རྫོགས།     སྔ་འགྱུར་རྙིང་མའི་དབུ་འཛིན་སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེས་དབུས་རྙིང་མའི་སེར་སྐྱ་ཡོངས་རྫོགས།   ས་སྐྱ་ཁྲི་འཛིན་མཆོག་གི་དབུས་ས་སྐྱའི་སེར་སྐྱ་ཡོངས་རྫོགས།   རྒྱལ་དབང་ཀརྨ་པ་མཆོག་གི་དབུས་བཀའ་རྒྱུད་སེར་སྐྱ་ཡོངས་རྫོགས།   དགའ་ལྡན་ཁྲི་པ་རི་རྫོང་རིན་པོ་ཆེས་དབུས་དགེ་ལུགས་གདན་ས་ཁག་གི་དགེ་བཙུན་ཡོངས་རྫོགས།   ཇོ་ནང་སིམ་ལ་དགོན་པའི་མཁན་པོ་རིན་ཆེན་ལགས་ཀྱིས་དབུས་ཇོ་ནང་སེར་སྐྱ་ཡོངས་རྫོགས།    སྨན་རི་ཁྲི་འཛིན་མཆོག་གིས་དབུས་བོན་གྱི་སེར་སྐྱ་ཡོངས་རྫོགས་དང་།    མདོར་ན་རྒྱ་གར་བཙན་བྱོལ་བོད་མི་ཡོད་དོ་ཅོག    རྒྱ་གར་རྒྱལ་ས་ལྡི་ལིར་དུས་གཅིག་ལ་འཛོམས་ཤོག

བྱང་ཨ་རིའི་དོན་གཅོད་བློ་བཟང་སྙན་གྲགས་ཀྱི་གཙོས་བོད་རིགས་སྤྱི་མཐུན་ཚོགས་པ་སུམ་ཅུ་སོ་གཉིས་ཀྱི་ཚོགས་གཙོ་རྣམས་ཀྱིས་སྣེ་ཁྲིད་དེ་བོད་མི་ཡོངས་རྫོགས།   ཉི་འོག་གྲོང་ཁྱེར་དུ་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་མཉམ་དུ་འཛོམས་ཤོག

དེ་བཞིན་ཁེ་ན་ཀྲ་དང་།    ཡོ་རོབ་ཏུ་ཡོད་པའི་སྐུ་ཚབ་དོན་གཅོད་ཁག་དང་།   བོད་རིགས་ཚོགས་པའི་ཚོགས་གཙོ་རྣམས་ཀྱིས་སྣེ་ཁྲིད་དེ་བོད་མི་ཡོངས་རྫོགས་རྒྱལ་ཁབ་དེ་དང་དེར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་དང་།   རྒྱ་ནག་གཞུང་ཚབ་ཁང་ཁག་ཏུ་མཉམ་དུ་འཛོམས་ཤོག

དེ་ལྟར་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མི་ཡོད་དོ་ཅོག    ཉིན་བརྒྱ་དུས་གཅིག་ལ་འཛོམས་ཏེ་ཞི་བའི་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་སྤེལ་དགོས།    འཆི་བ་སྲོག་ལ་ཐུག་ཀྱང་།   ཇི་སྲིད་རྒྱ་ནག་སྲིད་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ཡོངས་རྫོགས་མཚམས་འཇོག་བྱས་ཏེ།    གཞིས་སྡོད་བོད་མི་རྣམས་ཀྱི་རེ་འདོད་མ་བསྐང་བར་དང་།    མཉམ་འབྲེལ་རྒྱལ་འཚོགས་ཀྱི་ངོས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ།   བོད་ནང་ཁུལ་ལ་ཞི་བདེ་དང་ལྷིང་འཇགས་མ་བྱུང་བར་དང་།    ཡང་ན་བོད་རྒྱའི་གྲོས་མོལ་འཕྲལ་དུ་འགོ་བཙུགས་ཏེ།    དོན་ཕན་ལྡན་པའི་ཐག་གཅོད་མ་བྱུང་བར་དེ་སྲིད་དུ་ཞི་བའི་ལས་འགུལ་མཚམས་འཇོག་མི་བྱེད་པའི་ཆོད་སེམས་བརྟན་པོ་བཟུང་ནས་མཉམ་དུ་འཛོམས་ཤོག

ཞི་བའི་ལས་འགུལ་སྐབས།   གཅིག་གྱུར་གྱི་འབོད་ཚིག་འདི་ལྟར་སྒྲོག་དགོས།

༡༽བོད་ལ་རང་ས་རང་སྐྱོང་གི་རང་དབང་དགོས།
༢༽༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།
༣༽བོད་ནང་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འཕྲལ་དུ་མཚམས་འཇོག་བྱེད་དགོས།
༤༽བོད་མིའི་ཚད་མཐོའི་ཞི་རྒོལ་མེར་བསྲེག་ལས་འགུལ་གྱི་འགན་རྒྱ་ནག་སྲིད་གཞུང་ལ་ཡོད།
༥༽བཙན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་དཀྲོལ་གཏོང་དགོས།
༦༽བོད་རྒྱའི་གནད་དོན་གྲོས་མོལ་གྱི་ལམ་ནས་མགྱོགས་མྱུར་ཐག་གཅོད་བྱེད་དགོས།

བྱེས་སྡོད་གངས་ཅན་པ་རྣམས་གསོན་དང་།   གཞིས་བཞུགས་བོད་མི་རྣམས་ཀྱིས་གཅེས་པའི་ཚེ་སྲོག་ང་ཚོའི་ཆེད་དུ་མེ་རུ་སྒྲོན་ཐུབ་ན།   ང་ཚོས་ཁོང་ཚོའི་ཆེད་དུ་ཞི་བའི་ངོ་རྒོལ་ཙམ་ཡང་བྱེད་མི་ཐུབ་པ་ཅི་ཡིན་ནམ།   ང་ཚོའི་ཁ་ནས་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བཞིན་ཡོད་པ་དེ་ཚིག་ཙམ་དུ་སོང་བ་མ་ཡིན་ནམ།    གལ་ཏེ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཟེར་བ་དེ་དོན་ལ་གནས་ན།     བྱེས་སྡོད་གངས་ཅན་པ་རྣམས།   མཉམ་དུ་འཛོམས་ཤོག    བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད་འདོད་ན་མཉམ་དུ་འཛོམས་ཤོག     ང་ཚོས་མཉམ ་དུ་ཞི་བའི་ལས་འགུལ་སྤེལ།    ང་ཚོས་དོན་དམ་པའི་བོད་མིའི་སྐྱིད་སྡུག་མཉམ་མྱོང་བྱེད།   འཛོམས་ཤོག   འཛོམས་ཤོག   མཉམ་དུ་འཛོམས་ཤོག

བོད་རྒྱལ་ལོ་ ༢༠༣༩ ཕྱི་ལོ་ ༢༠༡༢ ཟླ་ ༡༠  ཚེས་ ༢༦ ཉིན།   ཨ་རི་ནས་རིག་པའི་རྡོ་རྗེས།