པཱོ་ལན་ཌི་རྒྱལ་ཁབ་ཏུ་བོད་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད།
ཟླ་འདིའི་ཚེས་༣༠ ཉིན་པཱོ་ལན་ཌི་བོད་རིགས་མཐུན་ཚོགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར། བོད་ཀྱི་བདེན་པའི་མེ་ལྕེའི་སྐོར་བསྐྱོད་དེ་ཡུལ་རོབ་ཁག་ཏུ་འགྲོ་བཞིན་པ་ལྟར། པཱོ་ལན་ཌི་རུ་སྐོར་བསྐྱོད་ཟིན་ཡིན་པ་རེད།
དེ་ཡང་སྤྱི་འཐུས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་དེ་ཡུ་རོབ་རྒྱལ་ཁབ་ཁག་མི་འདྲ་བ་ཉེར་བདུན་ལ་སྐོར་བསྐྱོད་བྱེད་བཞིན་པ་ལྟར། ཟླ་འདིའི་ཚེས་ ༡༣ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་དབང་ཆེན་ལགས་ཀྱིས་སྣེ་ཁྲིད་ནས་ཕོ་ལན་སྒྲི་རྒྱལ་ས་བར་སོ་(Warsaw,Poland) ལ་འབྱོར་སོང་། ཉིན་དེར་བར་སོ་རྒྱལ་ཡོངས་གློག་བརྙན་དུས་སྟོན་སྐབས་སུ་བོད་ཀྱི་གློག་བརྙན་(གྲྭ་བཞི།)གཟིགས་འབུལ་ཞུས་པ་དང་སྟབས་འཁེལ་བར་བརྟེན། (གྲྭ་བཞི།)གློག་བརྙན་གྱི་འཁྲབ་སྟོན་མ་གཙོ་བོ་རྣམ་རྒྱལ་ལྷ་མོ་ལགས་ཀྱང་པཱོ་ལན་བོད་རིགས་མཐུན་ཚོགས་ཀྱི་ལས་འགུལ་ལ་མཉམ་ཞུགས་ཀྱིས་བོད་དོན་ཁྱབ་བསྒྲགས་དང་མཚན་རྟགས་བསྡུ་རུབ་སོགས་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་སོང་། ཉིན་དེའི་དགོངས་མོར་རྒྱ་ནག་གཞུང་ཚབ་དང་ཉེ་བར་འདུ་འཛོམས་དང་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་སྣ་མང་སྤེལ་སོང་།
ཚེས་༡༤ ཉིན་བོད་རིགས་མཐུན་ཚོགས་ཀྱིས་སྣེ་ཁྲིད་ནས་བདེན་པའི་མེ་ལྕེ་དེ་པཱོ་ལན་གྲོང་ཁྱེར་ཆེ་ཤོས་གཉིས་པ་ཁུ་རེ་ཀོ་(Krakow)ལ་སླེབས་ཤིང་། དེར་རུ་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ལྕམ་རོ་ཞཱ་ཐུན(Roza Thun)ལགས་དང་མཇལ་འཕྲད་བྱུང་ཞིང་གཏམ་བཤད་སྤེལ། དེ་བཞིན་གྲོང་ཁྱེར་ལྟེ་བར་སོང་ནས་ས་གནས་པཱོ་ལན་ཌི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་མཉམ་འབྲེལ་གྱིས་སྐད་འབོད་དང་། བོད་དོན་དང་འབྲེལ་བའི་གཏམ་བཤད་གནང་བ། དེ་བཞིན་ཁྲོམ་སྐོར་སོགས་ལུས་འགུལ་ལེགས་པར་གྲུབ་རྗེས་ས་གནས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་བོད་ཀྱི་རི་མོའི་འགྲེམས་སྟོན་ལ་མཉམ་ཞུགས་བྱས།
ཚེས་༡༥ ཉིན་ཕྱིར་བར་སོ་རྒྱལ་སར་ཕྱོར་སླེབས་ནས་པཱོ་ལན་རྒྱལ་ཡོངས་གྲོས་ཚོགས་ནང་དུ་བདེན་པའི་མེ་ལྕེ་གདན་འདྲེན་གནང་ཐུབ་པ་བྱུང་བ་མ་ཟད། གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཁག་གི་གཏམ་བཤད་དང་བོད་མི་མང་སྤྱི་འཐུས་ དགེ་བཤེས་དབང་ཆེན་གྱིས་དྲི་བར་ལན་འདེབས་གནང་བ་སོགས་བྱས།
ཚེས་༡༦ཉིན་སླར་ཡང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་སྣེ་ཁྲིད་ནས་བདེན་པའི་མེ་ལྕེ་པཱོ་ལན་གྱི་གྲོང་ཁྱེར་གཞན་པོ་ཟི་ནན(Poznan) དུ་སླེབས་ནས། དེ་རུ་བོད་དོན་རྒྱབ་སྐྱོར་མཁན་ཁག་དང་མཉམ་དུ་ཐུག་འཕྲད་དང་བོད་དོན་དང་འབྲེལ་བའི་གནས་ཚུལ་ཁྱབ་བསྒྲགས་སོགས་བྱས་ནས་ཉིན་གསུམ་གྱི་མཛད་སྒོ་རྒྱལ་ཁའི་ངང་མཇུག་བསྒྲིལ།