སྤྱན་འདྲེན་གསོལ་འདེབས་གསར་མ།

རྒྱལ་མཚམས་དུ་མའི་ཆོད་པའི་ཕར་ཤེད་ནས།།

མཁའ་ལམ་སྤྲིན་པ་དཀར་པོའི་ཡང་གོང་ནས།།

མགྱོགས་ཚད་གློག་ལས་མྱུར་བའི་གནམ་གྲུ་ནས།།

དེང་དུས་སྤྲུལ་སྐུ་གནས་འདིར་སྤྱན་འདྲེན་ནོ།


རིན་ཆེན་ཀུ་ཤུ་འཕྲུལ་ཆས་ཕྱག་ལ་བསྣོམ།།

འདྲུད་འཐེན་ལྟོ་ཕེད་རྫིག་པོ་རྒྱབ་ནས་འཁྲིད།།

འཁོར་དུ་ཡོན་བདག་འབྱོར་ལྡན་ཚོགས་ཀྱིས་བསྐོར།།།

འདིར་བྱོན་བཅོལ་བའི་ཕྲིན་ལས་བསྒྲུབ་པར་མཛོད།།


མདུན་གྱི་འབོལ་གདན་བརྩེགས་པའི་ཡང་ཐོག་ཏུ།།

འོད་འབར་ཅོག་ཙེ་སྒྲིག་པའི་ཕར་ནང་དུ།།

སྐུ་མདོག་དུང་ལས་དཀར་བའི་སྤྲུལ་པའི་སྐུ།།

ཕྱག་མཆོད་བཀུར་སྟིའི་མགོན་དུ་བཞུགས་སུ་གསོལ།།


མདུན་དུ་རྒྱ་མོ་མཛེས་མས་ཐལ་སྦྱར་ཞིང་།།

ལག་ཏུ་ཡིག་ཁུ་དམར་པོ་འཛིན་བཞིན་དུ།།

སྐལ་ལྡན་བུ་སློབ་བསོད་ནམས་རྫོགས་པའི་ཕྱིར།།

དངོས་བྱོར་དངུལ་གྱི་མཆོད་པ་ཁྱེད་ལ་འབུལ།།


ནང་དུ་བཞུགས་ཁྲི་གཙང་མའི་གྲ་སྒྲིག་དང་།།

ཕྱི་རུ་རིན་ཆེན་ཆིབས་འཁོར་སྐྱེལ་འདྲེན་བཅས།།

བདག་ལ་དབང་བའི་འབྱོར་བ་མ་ལུས་པ།།

སྐྱབས་གསུམ་ཀུན་འདུས་སྤྲུལ་བའི་སྐུ་ལ་འབུལ།།


ཚེ་ལ་བར་ཆད་མེད་པའི་ཚེ་དབང་དང་།།

ནོར་ལ་ལོངས་སྤྱོད་འཕེལ་བའི་ནོར་དབང་དང་།།

ཁྱོ་ག་བཟང་པོ་རག་པའི་སྒྲོལ་དབང་སོགས།།

ཅི་འདོད་དབང་གི་དངོས་གྲུབ་བརྩལ་དུ་གསོལ།།


ཡིད་འོང་གྲུང་ཤ་དོད་པའི་སྤྲུལ་བའི་སྐུ།།

ཤ་མདངས་དཀར་རྩིས་བྱུགས་པའི་རིན་པོ་ཆེ།།

ཞལ་ལ་འཛུམ་གྱིས་ཁེངས་པའི་བརྩེ་བ་ཅན།།

སྐལ་ལྡན་སློབ་མ་རྗེས་འཛིན་མཛད་དུ་གསོལ།།


ཞལ་ཟས་རོ་བརྒྱ་བཅུད་ལྡན་ཟས་ཀྱིས་མཆོད།།

འདོད་ཡོན་སྣ་ལྔ་བདུད་རྩི་ཆང་གིས་མཆོད།།

གཉིས་སྦྱོར་བདེ་བ་ཆེན་པོ་ཡེ་ཤེས་ཀྱི།།

དམར་ཁྲིད་མྱོང་ཁྲིད་གནང་བའི་ཕྲིས་ལས་མཛོད།།


ལས་ཀྱི་ཕྱག་རྒྱ་ཐབས་ལ་མི་མཁས་ཤིང་།།

རྩ་བའི་དམ་ཚིག་ཆེན་པོར་འགལ་གྱུར་ན།།

གཉིས་མེད་སྟོང་པ་ཉིད་ཀྱི་ཀློངས་ཡངས་སུ།།

འཁོར་འདས་རོ་སྙོམས་ངང་ནས་བཟོད་པར་གསོལ།།


མཁའ་ནས་འཇའ་ལམ་སྣེ་མོ་མར་ལ་ཟུག

ཁོག་ནས་ཡིག་གེ་དྲུག་མའི་སྒྲ་དབྱངས་ལེན།།

རིགས་སྲས་སྐྱེས་བུ་དམ་པའི་ཡང་སྲིད་ཅིག།

དམ་ཚིག་སྒྲོལ་མའི་ལྷུམས་སུ་དངོས་གྲུབ་རྩོལ།།


༢༠༡༢་སྤྱི་ཟླ་༡༠་པའི་ཚེ་༣༠་ཞོགས་པར་བྲིས།