ཁྲིམས་ལ་བརྟེན་ནས་འཚོ་སྡོད་བྱེད་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༠༩   ཕྱི་ལོ་ ༢༠༡༢/༡༠/༢༤
བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་༥༣ ཙམ་སོང་བ་དང། དེའི་རིང་བཙན་བྱོལ་བོད་པའི་སྤྱི་ཚོགས་འཚོ་གནས་དང་ཤེས་ཡོན་སློབ་སྦྱོང། བོད་དོན་དྲིལ་བསྒྲགས་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་ཚགས་ཚུད་དུ་སོང་ཡོད་པ་མ་ཟད།

བོད་དོན་འཛམ་བུའི་གླིང་འདིའི་སྟེང་ནས་མ་བརླགས་པར་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་གནས་ཐུབ་པ་བྱུང་ཡོད་པ་ནི། གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང། སྐབས་སོ་སོའི་ལས་བྱེད་དང་མི་མང་ཡོངས་ཀྱིས་ཁོང་ལ་དབུ་འོག་དཔུང་འདེགས་ཚུལ་བཞིན་ཞུས་པ། དེ་བཞིན་བོད་མི་ཚོས་ཡུལ་ཆུ་འཐུང་ནས་ཡུལ་ཁྲིམས་ཚུལ་བཞིན་ཁུར་བའི་གྲུབ་འབྲས་བཅས་ལ་བརྟེན་ནས་བྱུང་བ་རེད།

ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ནང་ནས་མི་རབས་གསར་པ་སྐྱེད་སྲིང་བྱུང་རིམ་བཞིན། སློབ་སྦྱོང་དང་བལྟ་རྒྱ་མཐོང་རྒྱ། གོ་ལོ་ཐོས་ལོ་སོགས་ཀྱི་ཐོག་ནས་མི་རབས་སྔོན་མ་དང་མི་འདྲ་བར་སྔོན་དུ་སླེབས་ཡོད་ཀྱང། ཡ་རབས་སྤྱོད་བཟང་དང་ཧུར་བརྩོན་སྙིང་རུས་སོགས་ཀྱི་ཐོག་ནས་མི་རབས་སྔོན་མ་དང་བསྡུར་ཐབས་གཏན་ནས་མེད་པར་སྡུག་ཏུ་སོང་ཡོད། དེ་བཞིན་བོད་པ་ཙམ་མ་ཡིན་པར་གནས་ཡུལ་སོ་སོའི་ཡུལ་མིའི་ཀུན་སྤྱོད་ཀྱང་གཅིག་མཚུངས་བཞིན་ཉམ་ཆགས་སུ་འགྱུར་བཞིན་ཡོད་པའང་བཤད་མི་དགོས་པ་རེད། བོད་མི་སྐྱབས་བཅོལ་བ་གནས་སྡོད་བྱེད་ཡུལ་གཙོ་བོ་རྒྱ་གར་གཅིག་པུའི་སྤྱི་ཚོགས་ཀྱི་གནས་སྟངས་ངོས་ནས་བཤད་ན། སྤྱིར་བོད་པ་ལ་ཡིད་ཆེས་དང་ཆེ་མཐོང་ཡག་པོ་ཡོད་ཀྱང། ད་ལྟའི་ཆར་སྔོན་དང་ཧ་ཅང་མི་འདྲ་བར་ལྟ་ཚུལ་དང་མཐོང་ཚུལ་ཡང་ས་གནས་གང་སར་ཅུང་ཙམ་རེ་ཡོང་གི་ཡོད།

རྒྱ་གར་ནང་གནས་སྡོད་བྱེད་མཁན་སྐྱབས་བཅོལ་བོད་མི་རྣམས་ལ་རྒྱ་གར་དུ་གནས་སྡོད་ཆོག་པའི་ཁྲིམས་མཐུན་ལག་ཁྱེར་(R.C)དེ། རྒྱ་གར་ནང་སྐྱེས་པ་དང། རྒྱ་གར་ནང་དུ་སླེབས་ནས་ལོ་༢༠ ཡན་ཟིན་པ་རྣམས་ལ་སྔོན་དང་མི་འདྲ་བར་ལོ་ལྔའི་ནང་ཐོ་འགོད་གཅིག་ལས་མི་དགོས་པ་བཟོས་ཡོད་ཀྱང། ཕྱི་ལོ་༢༠༠༣ ལོའི་རྗེས་སུ་བོད་ནས་སླེབས་པ་རྣམས་ཀྱི་དམིགས་བསལ་འཛུལ་ཞུགས་ལག་ཁྱེར་ནང་གནས་སྐོར་འཁོད་པ་རྣམས་ལ་དྷ་ས་ཁུལ་དུ་དཀའ་ངལ་མང་པོ་འཕྲད་བཞིན་ཡོད། ཉེ་ཆར་ལག་ཁྱེར་གྱི་དཀའ་ངལ་ལ་བརྟེན་ནས་བོད་མི་གཉིས་རྒྱ་གར་ཧི་མ་ཅལ་གྱི་ཉེ་འགྲམ་གྱི་ས་མཚམས་ནས་བོད་དུ་ཕྱིར་སློག་བྱས་ཡོད་པ་དང། གཞན་འཛིན་བཟུང་བྱས་པའི་གནས་ཚུལ་ཡང་སྔོན་མ་དང་བསྡུར་ན་མང་དུ་འགྲོ་བཞིན་ཡོད་ཚུལ་འདུག འདས་པའི་ལོ་བཅུ་ལྷག་ཙམ་ནས་བོད་དུ་དེ་ལྟར་ཕྱིར་སློག་བྱས་པ་ཆུ་བ་དབང་ཕྱུག་དང། ཚེ་ལོ་རྒྱལ་གཉིས་རྐྱེན་འདས་སུ་གྱུར་པའང་བྱུང་ཡོད།

ས་གནས་ཀྱི་སྐྱབས་བཅོལ་ལག་དེབ་དུས་འགྱང་བྱེད་ཡུལ་གྱི་ལས་ཁང་དུ་བཅར་སྐབས་ལས་བྱེད་རེ་ཟུང་གིས། བོད་པ་མཐོང་མ་འདོད་པའམ་མཐོང་ཆུང་གི་བཟོ་ལྟ་སྙིང་ལ་ཟུག་པ་དེ་དག་མཐོང་ཐེངས་རེ་རེས། རང་བཙན་ཤོར་བའི་སྐྱབས་བཅོལ་བ་ཞིག་གི་གནས་སྟངས་དེ་དྲན་གསོ་ཐེངས་གཅིག་ཐེབས་ངེས་ཡིན་པ་དང། དེང་སྐབས་ས་གནས་གཞན་ནས་ལག་དེབ་ཁྲིམས་མཐུན་གྱིས་བཟོས་ཤིང། དྷ་སར་གནས་སྤོས་བྱས་པ་ལག་དེབ་ནང་གནས་སྐོར་ཞེས་འཁོད་ཡོད་པ་ཁག་ཅིག་ལ་ལོ་སྔོན་མ་དྷ་ས་རང་ནས་དུས་འགྱང་བྱས་ཡོད་ཀྱང། ལོ་འདིར་དུས་འགྱང་མ་བྱས་པར་ལག་དེབ་གཞུང་བཞེས་བྱས་པའི་གནས་ཚུལ་ཡང་བྱུང་འདུག ད་དུང་སྐྱབས་བཅོལ་ལག་དེབ་མེད་པར་དཀའ་ངལ་འཕྲད་པ་ཅུང་མང་པོ་བྱུང་ཡོད་ཅིང། མ་འོངས་པར་ཡང་གནད་དོན་འདིའི་ཐོག་བོད་ནས་གསར་དུ་འབྱོར་ཞིང། ལག་དེབ་ནང་གནས་སྐོར་འཁོད་པ་རྣམས་ལ་དཀའ་ངལ་མང་པོ་ཞིག་མུ་མཐུད་འཕྲད་ངེས་ཡིན་པ་ལྟ་བུར་གྱུར་འདུག

མདོ་དོན་གཞུང་དང་མི་མང་གི་ངོས་ནས་ཁྲིམས་དང་མ་འགལ་བའི་ཐོག་ནས་གནད་དོན་ཚང་མ་ཐག་གཅོད་ཡོང་ཐབས་སུ་དུས་ཐུང་ནང་འབད་བརྩོན་གནང་མ་ཐུབ་ན། སྔོན་མ་༧གོང་ས་མཆོག་གིས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བའི་སྐབས་ལྟ་བུ་ཡིན་ན། ནོར་བ་ཅུང་ཙམ་རེ་བྱུང་ཡང་གནས་ཡུལ་གཞུང་གིས་གུ་ཡངས་དང་དགོངས་བཞེས་ཡོང་གི་ཡོད་ཀྱང། ད་ལྟའི་ཆར་དེ་དང་མི་འདྲ་བར་ཁྲིམས་ལུགས་ཀྱི་རྒྱ་ལས་མི་འགལ་བའི་ལས་དོན་སྒྲུབ་དགོས་པ་དང། དཔེར་ན་ཉེ་ཆར་དྷ་ས་ནས་བོད་མི་ན་གཞོན་ཁག་ཅིག་ལ་ཉེས་རྡུང་བཏང་བའི་གནས་ཚུལ་གོ་ཐོས་བྱུང་བ་ལྟ་བུའང་ཁྲིམས་དང་མཐུན་པའི་ཐོག་ནས་ཐག་གཅོད་ཡོང་ཐབས་མ་བྱས་པར། ཁྲིམས་གཏུག་བྱ་རྒྱུར་འཚེར་སྣང་བྱས་ན་རིམ་པས་གནད་དོན་དེའི་རིགས་ཆེད་དུ་སྣང་མེད་རྒྱ་ཡན་བཏང་བ་དང་གཅིག་མཚུངས་ཡིན་པས། དོན་དག་གང་ཡིན་ཡང་ཁྲིམས་ལུགས་གཞིར་བཟུང་གི་ཐོག་ནས་འགྲོ་ཐུབ་ན་དཀའ་ངལ་རང་བཞིན་གྱིས་ཉུང་དུ་འགྲོ་ངེས་རེད།།