ཛ་དྲག་གསུམ་འཛོམས་ཀྱི་ལོ་རབས།
ཆགས་ལ་ཉེ་བའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནི་དཔོན་རིགས་ཀྱི་ལྐོག་ཟ་དང་། དབུལ་ཕྱུག་གི་འགལ་ཟླ་ལངས་བཞིན་པའི་ཛ་དྲག་ལ་འཁེལ་ཡོད་པ་དང་། དེ་བཞིན་འགྱུར་ལྡོག་འགྲོ་ལ་ཉེ་བའི་ཨ་རིའི་སྲིད་འཛིན་ནི་དཔལ་འབྱོར་ཉམས་རྒུད་དང་དྲག་ཆར་རླུང་འཚུབ་ཀྱི་གཏོར་བཅོམ་གྱོང་རྒུད། ཨ་རབ་གསར་བརྗེའི་གནས་སྟངས་ལ་གདོང་ལེན་བྱེད་དགོས་པའི་ཛ་དྲག་ལ་འཁེལ་བ། སྲིད་སྐྱོང་བློ་བཟང་སེང་གེ་ནི་ཁོང་ཉིད་ཀྱིས་དམ་འབུལ་བྱས་ནས་བདུན་ཕྲག་གཅིག་གི་རྗེས་སུ། ༢༠༡༡།༨།༡༥ རྟའུ་གྲྭ་ཚེ་དབང་ནོར་བུ་ནས་བརྩིས་ན་ད་ལྟའི་བར་བོད་ནང་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་གི་གྲངས་ ༦༠ ཆགས་ཡོད། སྤྱིར་ ༦༢ ཆགས་ཡོད་པའི་ཛ་དྲག་བཅས་ཛ་དྲག་གསུམ་འཛོམས་ཀྱི་ལོ་རབས་ཡིན།
དང་པོ་རྒྱ་ནག་་་་་་། ཆགས་ལ་ཉེ་བའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གི་སྐོར། དཔལ་འབྱོར་ཚགས་པར་གྱི་དཔྱད་བརྗོད་གཞིར་བཞག་ནས་བྲིས་ཡོད། དེ་ཡང་རྒྱ་ནག་པེ་ཅིང་དུ་ཟླ་ ༡༡ ཚེས་ ༨ ཉིན་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོག་རྒྱུ་ཡིན་ཞིང་། དེ་ཚར་མ་ཐག་ཞི་ཅིང་ཕིང་ནི་རྒྱ་ནག་མི་མང་ཚོགས་ཁང་ཆེན་མོའི་ནང་། འཛམ་གླིང་གི་གསར་འགོད་པ་ཚོའི་པར་ཆས་ཀྱི་གློག་སྒྲོན་ནང་གི་མི་སྣ་དེ་ཆགས་གཏན་འཁེལ་ཡོད་ཟེར་ཆོག དེ་ནས་ལོ་རྗེས་མའི་ཟླ་ ༣ ནང་ཁོས་རྒྱ་ནག་གི་སྲིད་འཛིན་གྱི་འགན་དབང་ཡོངས་རྫོགས་བླངས་ཏེ། འཛམ་གླིང་གི་དཔོན་རིགས་ཚོའི་མདུན་དུ་རྒྱ་ནག་མི་མང་གི་ཚབ་མཚོན་མི་སྣའི་མིང་བྱང་འོག་ནས། རྒྱ་ནག་གཅིག་གི་ལངས་ཕྱོགས་ལ་འཛམ་གླིང་གི་རྒྱལ་ཁབ་ཚང་མས་ངོས་ལེན་བྱེད་དགོས་ཞེས་བསྐྱར་དུ་འབོད་སྒྲ་མཇུག་སྐྱོང་ངེས་རེད་ཟེར།
ཞི་ཅིང་ཕིང་གིས། རྒྱ་ནག་གི་སྤྱི་ཚོགས་བརྟན་ལྷིང་ཡོང་ཆེད་དུ་སྲིད་འཛིན་གོང་མའི་སྲིད་བྱུས་ལྟར། དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གཉིས་ཟུང་འབྲེལ་བྱེད་དགོས་རྒྱུ་དེ་གནད་འགག་ཡིན་རུང་། ད་ལྟའི་སྐབས་རྒྱ་ནག་ཏུ་དཔལ་འབྱོར་ཉམས་རྒུད་འགྲོ་འགོ་བཙུགས་པ་དང་། ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞི་མང་དུ་འགྲོ་བཞིན་པ། དཔེར་ན། ཟླ་འདིའི་ཚེས་ ༢༦ ཉིན་ཨ་རིའི་ནིའུ་ཡོག་དུས་བབ་ཚགས་པར་ནང། རྒྱ་ནག་གི་སྲིད་བློན་ཝོན་ཅའོ་པའོ་ཡིས་ཨ་སྒོར་དུར་ཕྱུར་མང་པོ་ལྐོག་ཟ་བྱས་ཡོད་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་སོགས་ལ་བརྟེན། མི་མང་གི་ཁྲོད་ནས་གཞུང་གི་དཔོན་རིགས་ཚོར་ངོ་རྒོལ་དང་སྐྱོན་འཛུགས། ཡིད་ཆེས་བརླགས་པ་སོགས་མང་དུ་འགྲོ་བཞིན་ཡོད་ཟེར་།
རྒྱ་ནག་གི་ཆབ་སྲིད་མི་སྣ་དང་ཚོང་པ། ཤེས་ཡོན་ཅན་ཚོ་དེང་སྐབས་འཛམ་གླིང་གི་འབྱོར་ལྡན་གྱི་གྲས་སུ་ཚུད་པ་མང་པོ་ཡོད་ཀྱང་། གྲོང་འཁྱེར་གྱི་ས་མཚམས་ལ་བརྒལ་ནས་གྲོང་གསེབ་དང་ཞིང་པ་ཚོའི་གནས་སྟངས་ལ་བལྟས་ན། དབུལ་ཕྱུག་གི་ཧེ་བག་ཤིན་ཏུ་ཆེ་བ་ནི་སྤྱི་ཚོགས་བརྟན་ལྷིང་མི་ཡོང་བའི་གཞི་རྩ་གཙོ་བོ་དེ་ཡིན་པས། རྒྱ་ནག་གི་དཔོན་རིགས་དང་ཆབ་སྲིད་མི་སྣ། ཚོང་པ་ཚོས་འདིའི་ཐད་སེམས་ཁྲལ་གཙོ་བོར་བྱེད་བཞིན་ཡོད་པར་བརྟེན། མང་པོ་ཞིག་གི་རང་ཉིད་ཀྱི་དངུལ་འབོར་དེ་ཕྱི་རྒྱལ་དུ་བཞག་པའམ་ཡང་ན་མ་རྩ་འཛུགས་པ། དེ་བཞིན་ལག་འཁྱེར་གཉིས་བླངས་ནས་རྐང་པ་གཉིས་འཛུགས་བྱེད་ཀྱི་ཡོད་པ་དེའང་། སྤྱི་ཚོགས་བརྟན་ལྷིང་ལ་ཡིད་ཆེས་མེད་པའི་རྟགས་མཚན་ཞིག་རེད་ཟེར།
གཉིས་པ་ཨ་རི་་་་་་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་མི་ཊི་རོམ་ནི་གཉིས་སུ་སྲིད་འཛིན་ཆགས་རུང་། ལས་དོན་གལ་ཆེ་ཤོས་ནི་དཔལ་འབྱོར་ཉམས་རྒུད་སླར་གསོ་བྱེད་དགོས་པ་དང་། སྟབས་མ་ལེགས་པ་ཞིག་ལ་ཟླ་འདིའི་ཚེས་ ༢༥ ནས་ ༣༡ བར་ཨ་རིའི་ཆུ་བོ་ཧཱ་རི་ཀན་ལོ་བཅུ་ཕྲག་རིང་འབྲུབ་མ་མྱོང་བ་ཞིག་འབྲུབ་ནས་ཆུའི་གནོད་འཚེ་དང་། དྲག་ཆར་རླུང་འཚུབ་ཀྱིས་ཁང་ཁྱིམ་གཏོར་བཤིག་བཏང་བ། མི་གྲངས་ས་ཡ་ ༨ ལ་གློག་མེད་པ་ཆགས་པ། ནིའུ་ཡོག་གྲོང་འཁྱེར་གྱི་ཚོང་ཁང་དང་འགྲིམས་འགྲུལ། སློབ་གྲྭ ལས་ཁུང། གནམ་གྲུ་འཕུར་བསྐྱོད་གནས་སྐབས་རིང་མཚམས་དགོས་བྱུང་བ་དེས། ཨ་སྒོར་ཐེར་འབུམ་མང་པོའི་གྱོང་གུད་བྱུང་ཡོད་པ་རྣམས་སླར་གསོ་བྱེད་པའི་ལས་དོན་འཐོལ་པ་ཆགས་ཡོད།
དེ་བཞིན་དཀྱིལ་ཤར་རྒྱལ་ཁབ་ཨ་རབ་སོགས་སུ་གསར་བརྗེའི་ཡོ་ལངས་ཆེན་པོ་བྱུང་བར་བརྟེན། སྔོན་དུས་ཨ་རིའི་མཐུན་ཕྱོགས་ཡིན་པའི་དཔོན་རིགས་མང་པོའི་ལས་གནས་ཤོར་ཡོད་པས། ཨ་རིའི་ཚོང་འབྲེལ་ལ་གནོད་སྐྱོན་གང་འཚམས་བྱུང་ཡོད་པ་དང་། ཨི་རྗིབ་དང་ལི་བྷི་ཡ་སོགས་ལ་བསྐྱར་དུ་ཚོང་དོན་གྱི་འབྲེལ་ལམ་འཛུགས་པར། མང་གཙོའི་གཞུང་ཆགས་མ་ཐག་པའི་དཔོན་རིགས་ཚོར་མི་མང་གིས་སྟངས་འཛིན་ཆེ་བས་ཚོང་དོན་ལམ་ལྷོང་ཡོང་མིན་ལའང་དཀའ་ངལ་འཕྲད་སྲིད་པ། དེ་བཞིན་ཉེ་དུས་ཨ་རིའི་གློག་བརྙན་ཞིག་གི་རྐྱེན་གྱིས། དཀྱིལ་ཤར་གྱི་ཁ་ཆེའི་རྒྱལ་ཁབ་མང་པོས་ངོ་རྒོལ་བྱས་ཏེ་ཨ་རིའི་གཞུང་ཚབ་མི་སྣ་བསད་པ་དང། གཞུང་ཚབ་ཁང་མང་པོ་ཞིག་གཏོར་བཅོམ་དང་འགའ་རེ་མེར་སྲེག་ཀྱང་བཏང་ཡོད། གནད་དོན་དེ་དག་གིས་རྐྱེན་པས། སྣུམ་གྱི་ཚོང་ལས་སོགས་བསྐྱར་གསོ་ཡོང་བར་ཛ་དྲག་ཆེན་པོ་ཆགས་ཡོད།
རྒྱ་ནག་གི་ཚོང་ལས་ལ་དེང་སྐབས་ཉམས་ཆག་སོང་བའི་རྣམ་པ་ཐོན་བཞིན་ཡོད་ནའང། འཛམ་གླིང་སྟེང་ཚོང་དོན་ལས་གཞི་གཞི་རྒྱ་ཆེ་ཤོས་གཉིས་པ་དེ་ཆགས་ཡོད་པས། ཨ་རི་དང་རྒྱ་ནག་ནི་ཁ་བྲལ་ཐབས་མེད་པའི་ཚོང་དོན་མཉམ་འབྲེལ་གྱི་གྲོགས་པོ་ཆགས་ཀྱི་ཡོད། ཨ་རིའི་སྲིད་འཛིན་འོས་མི་རོམ་ནཱའི་ཡིས་རྒྱ་ནག་དངུལ་ལོའི་འཛའ་ཐང་དང་། ཨ་རིའི་ལས་ཀ་བརྐུས་པ་སོགས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་རུང་། ཁོང་སྒེར་གྱི་ཚོང་ལས་མང་པོ་ཞིག་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་ནས་འགྲོ་བཞིན་ཡོད་པ་དཔྱད་བརྗོད་མང་པོ་ཞིག་གིས་བརྗོད་ཡོད། གང་ལྟརཨ་རིའི་སྲིད་འཛིན་སུ་ཆགས་རུང་རྒྱ་ནག་དང་ལྷན་དུ་ཟུང་འབྲེལ་བྱེད་དགོས་པ་དེ། མི་མང་གི་ཁེ་ཕན་གྱི་ཆེད་དུ་གཡོལ་དུ་མེད་པ་ཞིག་ཡིན་པར་བརྗོད།
གསུམ་པ་བོད་་་་་་་་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མེས་འཚིག་མེར་གཏུག་གིས། རྒྱ་ནག་གཞུང་ལ་བསྟུན་མཁས་དང་གུ་ཡངས་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེ་ལས་ལྡོག་སྟེ་བོད་ནང་རང་ལུས་མེར་སྲེག་གནང་བ་དེ་ནི། ཏཱ་ལའི་ཁ་བྲལ་རིང་ལུགས་པས་རང་བཙན་གྱི་དམིགས་ཡུལ་བཟུང་ནས་རྒྱ་ནག་ཁ་བྲལ་གཏོང་ཆེད་དུ་བརྒྱུད་སྐུལ་བྱས་ལུགས་དང་། བོད་མི་ཚོར་ཡ་ང་སྙིང་རྗེ་མེད་པའི་དྲག་པོའི་རྡུང་རྡེག་དང་བཙོན་འཛུག། མནར་གཅོད། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ཏུ་ལས་དོན་རུ་ཁག་གསར་འཛུགས། བོད་ཀྱི་ས་གནས་ཉེན་རྟོག་ས་ཚིགས་བཙུགས་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་རིང་བརྟན་ལྷིང་ལ་ཁ་གཡར་ནས། བོད་ཀྱི་ས་ཁུལ་ཁག་ཏུ་དམག་དང་གོ་མཚོན་འགྲེམས་འཇོག དམག་སྦྱོང་བྱས་ནས་མི་མང་འཇིགས་སྐུལ་བྱས་པ། བོད་མི་ནང་ཕན་ཚུན་འགྲོ་བསྐྱོད་ལ་བཀག་བསྡོམས་ཀྱི་ལས་རིག་གནས་གསར་བརྗེ་བསྐྱར་ལོག་རྒྱག་ཡོད།
རྒྱ་གཞུང་གིས། བོད་མི་མང་གི་རེ་འདུན་ལྟར་༧གོང་ས་མཆོག་བོད་དུ་ཕེབས་འཇུག་རྒྱུར་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུ་དང་མཐའ་ན་མཐུན་ཕྱོགས་ཀྱི་རྣམ་འགྱུར་ཙམ་ཡང་མེད་པ། དེ་ལས་ལྡོག་སྟེ་མཚན་སྨད་དང་ཉེས་འཛུགས་སྣ་ཚོགས་བྱེད་བཞིན་ཡོད། དཔེར་ན། ཟླ་འདིའི་ཚེས་ ༢༤ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ Hong Lei’s ཟེར་བས་པེ་ཅིང་དུ་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ། “བོད་ནང་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ཏཱ་ལའི་ཕྱོགས་ཁག་ལ་ཐུག་ཡོད་པ་དང་། ཕྱོགས་ཁག་དེས་རྒྱལ་ཁབ་ཁ་བྲལ་གྱི་དམིགས་ཡུལ་བཟུང་ནས། བོད་ནང་གི་བོད་མི་ཚོར་རང་ལུས་མེར་བསྲེག་གཏོང་དགོས”ཞེས་སྐུལ་མ་བྱེད་ཀྱི་ཡོད་ཅེས། གཞི་རྩ་དང་དཔང་རྟགས་གང་ཡང་མེད་པར་གཞི་མེད་ཀྱི་སྐྱོན་བརྗོད་བྱས་ཡོད།
ཨ་རྒྱ་གཉིས་ཛ་དྲག་ཆགས་ཡོད་པ་བཞིན་བོད་ཀྱི་གནད་དོན་དེའང་ཛ་དྲག་ཆགས་ཡོད། ཛ་དྲག་འདི་འདྲའི་འོག་ནས་བོད་མི་ཚོས་གང་བྱས་ན་དྲག་ས་རེད། དགོངས་ཚུལ་གསུང་རོགས།
ཕྱི་ལོ་ ༢༠༡༢།༡༡།༣༡ཉིན།