བཀུར་འོས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་མཆོག་ལ་ཆེད་གསོལ།
ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༣༠ ནས་ཉིན་གྲངས་གསུམ་རིང་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༡ ཐོག བོད་ནང་རང་ལུས་མེར་སྲེག་གནང་མཁན་ཞིག་ལ་རྗེས་དྲན་གུས་འདུད་ཀྱི་གྲོས་ཆོད་གཅིག་བཞག་འདུག་པ་དེ་རྦད་དུ་ནོར་འདུག དེ་ཡང་ང་གུང་སེང་ཞིག་དང་བསྟུན་ནས་གཞིས་གྲོང་གསུམ་པའི་ནང་ཁ་ལག་བཟའ་བར་བསྐྱོད། སྐབས་དེར་ངའི་གྲོགས་པོས། དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཐེངས་ ༡༡ ཐོག་གྲོས་ཆོད་ཡག་པོ་བཞག་འདུག་ཅེས། ཤོག་གྲངས་འགའ་ཡོད་པའི་གྲོས་ཆོད་ཁག་བསྟན་བྱུང་བས་ཐེངས་གཅིག་བཀླགས་པ་ཡིན། དེའི་ནང་་།
རྗེས་དྲན་གུས་འདུད་ཟེར་བའི་ནང་།་” ད་ལམ་གངས་ལྗོངས་འབའ་ཐང་རྫོང་ས་ཁུལ་དུ་རང་རིགས་དཔའ་བོ་ན་གཞོན་གཡུང་དྲུང་ལགས་དགུང་གྲངས་ ༢༧ ལ་སོན་པ་ཞིག་གིས་བོད་མི་རིགས་དང་། རྒྱལ་ཁབ་ཀྱི་དོན་དུ་རང་ལུས་མེར་བསྲེགས་སྐུ་སྲོག་བློས་གཏོང་གནང་བའི་སྙིང་སྟོབས་མཛད་རྗེས་ལ་དབུས་གཙང་ཆོལ་ཁའི་ཚོགས་ཆེན་ནས་ངག་བཅད་མྱ་ངན་གུས་འདུད་དང་འབྲེལ། གོང་གསལ་གྲོས་ཆོད་དོན་ཚན་ཁག་ཆ་ཚང་སྤྱི་མོས་ཀྱི་ལམ་ནས་གཏན་ལ་ཕབ་པའི་རྩ་འཛིན་གྲོས་ཆོད་དུ། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་དབུས་སྤྱི་ཁྱབ་ལས་ཁུངས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༢ ལ་”ཞེས་འཁོད་འདུག གཡུང་དྲུང་ལགས་ཀྱིས་རང་ལུས་མེར་སྲེག་གནང་ཡུལ་དེ་འབའ་ཐང་རྫོང་མ་རེད། དེ་འབའ་ཐང་རྫོང་དང་འཁྲུལ་གཞི་རྩ་བ་ནས་མེད་རུང་ཇི་ལྟར་བྱས་ཏེ་བྲིས་པ་རེད་དམ?????
ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་༢༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧ ཙམ་ལ་ཁམས་ཡུལ་ཤུལ་ཁུལ། དགེ་འབྲོང་རྫ་སྟོད་དུ་གནས་སྡོད་བྱེད་ཡོད་པའི་རྒྱལ་གཅེས་དཔའ་བོ་རང་ལོ་ ༢༧ ལ་སོན་པ་གཡུང་དྲུང་ལགས་ནི། ཁམས་ཆབ་མདོ་རྫོང་ཀརྨ་ཡུལ་ཚོ་ནས་ཡིན་པ་དང་། ཁོང་རྒྱུན་ལྡན་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་དུ་གནས་སྡོད་བྱེད་ཡོད་འདུག ཁོང་གིས་མེར་སྲེག་སྐབས། དང་པོ་ཀི་ཆེན་པོ་ཞིག་བརྒྱབ་ནས་བོད་རང་བཙན་ཡིན། ༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་། རྒྱལ་བ་ཀརྨ་པ་བོད་ལ་གདན་འདྲེན་དགོས། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག མཁས་དབང་བློ་བཟང་སེང་གེ་བོད་མིའི་རྒྱལ་པོ་ཡིན། རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱེད་དགོས་སོགས་འབོད་སྐད་སྒྲོག་ཞོར་རྫོང་གྲོང་གི་ཚོང་ཁང་ཁག་གི་མདུན་དུ་ཕྱིན་དུས། ཚོང་ཁང་བདག་པོ་དེ་ཚོས་ཆུ་གཏོར་བ་སོགས་བྱས་ཀྱང་མེ་འབར་ཤུགས་ཆེ་རྐྱེན། རྒྱུ་མ་ཕྱི་ལ་ཐོན་པ་དེ་ཁོ་རང་གི་ལག་པས་བཅད་སོང་ཞེས་དངོས་སུ་མཐོང་མཁན་ཚོས་བརྗོད་ཡོད་པ་རེད།
གྲོས་ཆོད་ནང་གི་འབའ་ཐང་རྫོང་ནི་རྒྱ་གཞུང་གིས་དབྱེར་བའི་སི་ཁྲོན་ཞིང་ཆེན་ཟེར་བའི་ཁོངས་སུ་གཏོགས་ཀྱི་ཡོད་པ་དང་། རང་ལུས་མེར་སྲེག་གནང་ས་དེ་ནི་མཚོ་སྔོན་ཡུལ་ཤུལ་ཁོངས་སུ་གཏོགས་ཀྱི་ཡོད། གཡུང་དྲུང་སྐྱེས་སའི་ཆབ་མདོ་རྫོང་ནི་བོད་རང་ལྗོངས་ཟེར་བའི་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད། ད་ལྟའི་འབའ་ཐང་རྫོང་དུ་ཡོངས་གྲགས་སུ་རང་ལུས་མེར་སྲེག་གནང་མཁན་བྱུང་མྱོང་མེད་པས་རྣམ་པ་ཚོས་དེའི་ཁུངས་སྐྱེལ་ཡག་པོ་ཞིག་གནང་བའི་རེ་བ་བྱེད་ཀྱི་ཡོད། དབུས་གཙང་ཆོལ་ཁའི་ཚོགས་གཙོ་སུ་ཡིན་མིན་ཤེས་མ་སོང་། ལ་ལས་ཟེར་ན་བཀུར་འོས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཟེར་གྱི་འདུག་པས། གལ་ཏེ་ཁྱེད་ཡིན་ན་བོད་མི་མང་གི་སྤྱི་འཐུས་ཡིན་པས་དེ་ཚོའི་རིགས་ལ་ཐུགས་ཞིབ་དང་མཁྱེན་རྒྱ་ངེས་པར་དུ་དགོས་པ་ཞིག་རེད། དེ་མིན་སྐབས་དེའི་ཚོགས་ཞུགས་བ་ཚང་མས་ནོར་འཁྲུལ་ཤོར་བ་ཞིག་ལ་མི་ཚོས་ངོས་འཛིན་བྱེད་མི་སྲིད་པ་མིན། གང་ལྟར་རྗེས་དྲན་གྱི་གྲོས་ཆོད་དེ་འགན་འཛིན་ལྷན་ཚོགས་ཐེངས་རྗེས་མའི་སྐབས་བསྐྱར་བཅོས་གནང་རོགས་གནང་། ལོ་རྒྱུས་ཀྱི་ཡིག་ཚགས་སུ་དེ་ལྟར་མི་འཁོད་པའི་རེ་བ་བྱེད་ཀྱི་ཡོད།