ཨ་རིའི་སྲིད་འཛིན་འོས་བསྡུ་དང་དེའི་མཚོན་རྟགས།

ད་ལྟའི་སྐབས་སུ་རྣོ་ངར་ཆེ་ཤོས་ཀྱི་རང་དབང་ལྡན་པའི་བགྲོ་གླེང་འགྲན་བསྡུར་གྱི་གནས་ཚུལ་ཞིག་ལ་མི་ཚང་མས་དོ་སྣང་བྱེད་པ་དང་ལྷན་དུ་དེའི་ཤུགས་དང་། དེའི་འབྱུང་ཁུངས་སོགས་ལ་དཔྱད་ཞིབ་བྱེད་ཀྱི་ཡོད། དེ་ནི་འཛམ་གླིང་ཐོག་སྐད་གྲགས་ཡོད་པའི་ཨ་རིའི་རྒྱལ་ཁབ་ཀྱི་སྲིད་འཛིན་འོས་བསྡུས་པའི་འགྲན་རྩོད་དང་། བགྲོ་གླེང་གི་རྣམ་པ་དེ་རེད།

ཨ་རི་རྒྱལ་ཁབ་ནི་དམག་དོན་སྟོབས་ཤུགས་དང་། དཔལ་འབྱོར་སྟོབས། རྡུལ་ཕྲན་སྟོབས་ཤུགས་སོགས་ཀྱི་ནུས་སྟོབས་རྒྱས་པ་ཙམ་མ་ཡིན་པར་རང་དབང་དང་།  དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་དང་དེའི་ཆེད་དུ་ཁ་ཞེ་གཉིས་མེད་ཀྱི་ཡང་དག་པའི་སྲིད་ཇུས་འཛིན་མཁན་ཞིག་རེད། རྒྱུ་མཚན་དང་གནས་སྟངས་དེ་ལྟ་བུ་ཞིག་གི་འོག་ནས་ཆེས་མཐོའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཡང་མི་མང་གི་མངོན་འདོད་དང་། མི་མང་གི་རྒྱབ་སྐྱོར་གྱི་ཐོག་ནས་བཞེངས་དགོས་ཀྱི་ཡོད་ལ་འོས་མི་སོ་སོའི་རང་རང་གི་ནུས་པ་དང་། ཤེས་ཡོན། ལས་འཆར། བྱས་རྗེས་སོགས་མི་མང་ལ་གསལ་བཤད་དང་། ཁ་གཏད་འོས་གཞིའི་ཉེས་སྐྱོན་ཐེར་འདོན་སོགས་བྱས་ནས་རང་ཉིད་ཀྱི་གཟུགས་བརྙན་དང་བསམ་བློར་མི་མང་གིས་ཡིད་ཆེས་དང་མི་མང་གི་གདེང་འཇོག་དང་རྒྱབ་སྐྱོར་རང་ཉིད་ཀྱི་ཕྱོགས་སུ་འགུགས་ཐབས་བྱེད་ཀྱི་ཡོད། དེ་ཡང་མི་མང་གིས་རང་གི་མངོན་འདོད་ལྟར་འོས་ཤོག་བླུག་ཆོག་ལ་མི་མང་ཚོས་རང་མོས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་སྲིད་འཛིན་འདེམས་བསྐོ་བྱེད་ཆོག

འདས་པའི་ཟླ་བ་གཅིག་ལྷག་ཙམ་གྱི་རིང་ཨ་རིའི་སྲིད་འཛིན་ལས་ཐོགས་པ་ཨོ་བྷ་མ་དང་། ཁ་གཏད་འོས་རོམ་ནི་གཉིས་ཀྱིས་རྣོ་ངར་ཆེ་བའི་འོས་བསྡུའི་འགྲན་རྩོད་བྱེད་བཞིན་ཡོད་ལ་འགྲན་རྩོད་དེ་དག་གི་སྐབས་སུ་ཕྱི་སྲིད་དང་། དཔལ་འབྱོར། ནང་སྲིད་སོགས་ཀྱི་སྐོར་ལ་སྔ་ཕྱིར་བགྲོ་གླེང་ཆེན་མོ་གསུམ་བྱེད་དགོས་ཀྱི་ཡོད། བགྲོ་གླེང་དེ་ཚོ་ནི་འོས་མི་ཕན་ཚུན་བར་དང་། འབྲེལ་ཡོད་ལས་བྱེད། མི་དམངས་བཅས་ཀྱིས་གོང་གསལ་གྱི་གནད་དོན་དག་གི་སྐོར་ལ་དྲི་བ་འདྲི་དགོས་པ་དང་། དྲིས་ལན་དེ་དག་གི་བདེན་འཛིན་དང་། རྒྱབ་ལྗོངས་སོགས་ཞིབ་དཔྱད་ཀྱིས་གསལ་བསྒྲགས་བྱེད་ཀྱི་ཡོད་པ་རེད། བགྲོ་གླེང་དེ་དག་མི་མང་གིས་གོ་རྟོགས་ཡོང་ཆེད་རྒྱལ་ཡོང་འཕྲིན་བརྒྱུད་ཆེད་གཏོང་བྱེད་ཀྱི་ཡོད་པས་མི་མང་ས་ཡ་མང་པོས་དོ་སྣང་དང་། རྒྱུས་ལོན་བྱེད་ཀྱི་ཡོད།

སྤྱི་ཚེས་༢༢་གཟའ་ཟླ་བའི་དགོང་དྲོ་ཨ་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་དང་ཁོང་གི་ཁ་གཏད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་ཋི་རོམ་ནི་གཉིས་ཀྱི་བགྲོ་གླེང་ཐེངས་གསུམ་པའི་སྐབས་སུ་ཨི་རན་དང་སི་རི་ཡ། དེ་བཞིན་ལི་བི་ཡ་དང་ཨིསི་རལ་སོགས་ཀྱི་ཐད་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ཀྱི་གནད་དོན་ཐོག་བགྲོ་གླེང་ཤུགས་ཆེ་བྱུང་བ་དང་དུས་མཚུངས་འོས་མི་གཉིས་ཀས་རྒྱ་ནག་གི་ཐད་སྲིད་ཇུས་འཛིན་ཕྱོགས་ཐད་ལ་བགྲོ་གླེང་བྱས་ཡོད་པ་རེད། ད་ལོའི་སྲིད་འཛིན་འོས་བསྡུ་དེ་རྒྱལ་ནང་དུ་དཔལ་འབྱོར་དཀའ་ངལ་དང་། རྒྱལ་སྤྱིའི་ནང་ཨ་རིའི་དབུ་ཁྲིད་ཀྱི་འགན་འཁུར་སོགས་ཕྱི་འབྲེལ་སྲིད་བྱུས་ལ་གདོང་ལེན་བྱ་དགོས་པའི་འགག་རྩའི་དུས་སྐབས་ཤིག་ལ་སླེབས་ཡོད་པས་སྲིད་འཛིན་འོས་བསྡུ་དེ་སྔར་ལས་རྣོ་ངར་ཆེ་བའི་འོས་བསྡུ་ཞིག་ཆགས་ཡོད་སྐོར་སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་ཀྱི་ཡོད།

བགྲོ་གླེང་སྔ་ཕྱི་དེ་དག་གི་སྐབས་སུ་ང་ཚོས་ངེས་པར་དུ་བལྟ་དགོས་པ་ནི་སྲིད་འཛིན་གཉིས་ཀྱི་གཏམ་བཤད་དེ་ཚོའི་སྙན་ཆ་དང་། བརྗིད་ཉམས་ཙམ་མ་ཡིན་པར་སྲིད་འཛིན་གཉིས་ཀྱི་གུ་ཡངས་རང་བཞིན་དང་། ཨ་མི་རི་ཀའི་མི་མང་གིས་རང་གི་རྒྱལ་ཁབ་ཀྱི་མ་འོངས་པའི་ཆེད་དུ་རང་དབང་གི་སྒོ་ནས་རང་ཉིད་ཀྱི་དབུ་འཁྲིད་འདེབས་སྟངས་འདི་དང་། རྒྱལ་ཡོངས་རང་བཞིན་གྱི་ཕྱི་གསལ་ནང་གསལ་གྱི་གསལ་བསྒྲགས་དང་། གསལ་བཤད་དེ་ཚོས་མཚོན་རྟགས་རྣམས་ཡིན། མཚོན་རྟགས་འདི་དག་གིས་དམངས་གཚོ་དང་རང་དབང་གི་དྲོད་རླངས་ངོ་སྤྲོད་བྱེད་ཀྱི་ཡོད་ལ། གཅིག་སྡུད་དང་སྒེར་འཛིན་གྱི་སྲིད་ཇུས་ལ་ཞེ་མེལ་སྦྱིན་གྱི་ཡོད།

2012/10/25