བོད་བཞུགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད།
བོད་བཞུགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་བོད་ནང་གི་དངོས་ཡོད་ཀྱི་གནས་ཚུལ་མང་པོ་བསྡུ་རུབ་དང་། རང་ཉིད་ལ་འཕྲད་སྲིད་པའི་ཉེན་ཁ་ལ་མ་འཛེམས་པར་ཕྱི་ནང་གང་ས་ནས་བོད་དོན་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་བཞིན་ཡོད་པ་བོད་མི་ཀུན་གྱིས་ཤེས་གསལ་རེད་ལགས། དེ་ལ་འཚམས་པ་རྒྱལ་སྤྱིའི་ཐོག་ནས་གཟེངས་རྟགས་འགའ་ཡང་ཕུལ་ཟིན། དུས་དེ་རིང་གི་བར་སྐབས་བཀའ་སྤྱི་གཉིས་ཀྱིས་ཤེས་རྟོགས་བྱུང་བ་བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༥༨ ཚད་འཛིན་བྱེད་བཞིན་ཡོད་འདུག་ཀྱང་། ཚེ་རིང་འོད་ཟེར་གྱིས་་་་་་་་་་་་་་་་་་་་་་་་་་་་་་
བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༦༠ ཐམ་པ་བརྩི་ཡི་ཡོད་པ་རེད། མོའི་ལུགས་ལྟར་བྱས་ན་གྲངས་ཚད་དེ་རང་ཆགས་ཡོད། མོས་འཐོལ་པ་གཉིས་གྲངས་འདྲེན་བྱེད་བཞིན་པ་དང་དེའི་གནས་ཚུལ་དང་འདྲ་པར་སོགས་ཀྱང་། དང་ཐོག་རྒྱ་གར་དུ་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་གི་ལག་ཏུ་ཡོད་པ་ངས་མཐོང་བྱུང་། གསར་འགོད་པ་དེས་ཀྱང་རང་ལུས་མེར་སྲེག་ཡིན་ཚོད་འདུག་ཤོད་ཀྱི་ཡོད་རུང་། དཔང་རྟགས་ཁུངས་བཙན་སོགས་དེ་ཙམ་མེད། དེས་ན་བཀའ་སྤྱི་གཉིས་ཀའི་ཐོག་ནས་ང་ཚོས་ཤེས་པའི་རང་ལུས་མེར་སྲེག་གི་གྲངས་ཚད་ ༥༨ རེད། ད་དུང་གསལ་པོ་མ་ཆགས་པའི་རིགས་ཡོད་ལ་ཤེས་རྟོགས་རྩ་བ་ནས་མ་བྱུང་བའི་རིགས་ཀྱང་ཡོད་སྲིད་ཅེས་མ་ཎི་བགྲང་བགྲང་བྱེད་བཞིན་ཡོད་པ་དེར་བལྟས་ན། འོད་ཟེར་གྱིས་གསུང་བཞིན་པའི་རང་ལུས་མེར་སྲེག་འཐོལ་པ་གཉིས་དེར་བཀའ་སྤྱི་གཉིས་ཀྱིས་ཞིབ་འཇུག་མ་བྱས་པའི་གནས་སྟངས་མི་འདུག་སྙམ།
འོད་ཟེར་དང་རྒྱུན་དུ་ནས་འབྲེལ་བ་བྱེད་མཁན་ཚོར་ཚོར་སྣང་ཞིག་ཡོད་པ་ནི། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས། རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་བྱེད་དགོས་པའི་རིགས་དང་། ཡང་བསམ་བཞིན་དུ་རྒྱལ་ལྗོངས་གཞན་ལ་དགོངས་ནས་ཁྱབ་བསྒྲགས་མ་བྱས་པའི་རིགས་ལ། འོད་ཟེར་གྱིས་རྒྱལ་ལྗོངས་དང་དངོས་ཡོད་ལ་མ་བལྟས་པར་ཚོར་བ་རྣོན་པོའི་ཐོག་ནས་བཀའ་སྤྱི་གཉིས་ལ་སྐྱོན་འཛུགས་བྱེད་ཀྱི་ཡོད། མཚམས་རེར་ཡོངས་རྫོགས་མོ་རང་གི་འདོད་པ་ལྟར་འགྲོ་རྒྱུར་རེ་བ་བྱེད་ཀྱི་ཡོད། སྤྱིར་གོང་བརྗོད་བཞིན་འོད་ཟེར་གྱི་ཆོད་སེམས་ལ་ནམ་ཡང་སྔགས་བརྗོད་ཞུ་འོས་སུ་མཐོང་ཡང། མོས་རྙེད་སོན་བྱུང་བའི་གནས་ཚུལ་དང་པར་རིས་མང་ཆེ་བ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་རྙེད་སོན་བྱུང་བ་ལས་ཕབ་ལེན་བྱེད་ཀྱི་འདུག དེ་ནས་རིམ་པས་ས་གནས་དེ་དག་ཏུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་པའི་རིགས་ཀྱང་བྱུང་སོང་། གང་ལྟར། ཚོར་སྣང་ཁོ་ནའི་རྗེས་སུ་མ་འགྲོ་བར་བྱེད་རྒྱུ་གནད་འགག་རེད།