གྲོལ་བའི་སྙན་ངག་དུམ་བུ་དགུ་པ།

རང་བྱུང་སེམས་ཀྱི་གསང་བ་ས་ལེ་སྦྲམ།།

སྦས་པའི་སྐྲ་ལ་བལ་དཀར་ཆུ་རིས་གདོང་།།

རྒས་ཤིང་འཁོགས་པའི་སྣང་བརྙན་གསོན་པ་ཞིག།

ཚོར་འདུ་རགས་པའི་ཀློང་དུ་མེར་གྱིས་ཐིམ།།

 

                      སྟོང་ཆེན་ཆོས་དབྱིངས་དགའ་མའི་གུར་ཁང་ནས།།

མ་བཅོས་ཡེ་ཤེས་སྣང་བ་དུང་ཟླའི་གཟུགས།།

ངེས་དོན་གནས་ལུགས་འཕྲོད་པའི་རྟེན་འབྲེལ་ཞིག།

རྒྱ་ཆེན་སྒྱུ་མའི་གྲོང་ནས་རྙེད་པར་སྨོན།།

 

རྣམ་ཤེས་ལྷ་ལས་སྤྱང་བའི་རྒན་པོ་ཞིག།

འདྲེ་དང་འབྱུང་པོ་འདུལ་བའི་ལས་ལ་བྲེལ།།

བགྲང་ཕྲེང་གཉེར་བའི་གཟུངས་སྔགས་བྱིན་རླབས་རེ།།

ཞལ་གྱིས་འདབས་ནས་བདུད་རྩི་གོང་དུ་འགྲིལ།།

 

རི་སྐྱེས་བུ་མོ་སྟོང་གི་བག་ཡངས་དང་།།

ཆུ་སྐྱེས་མེ་ཏོག་འབུམ་གྱི་དྭངས་ཤ་ལ།།

ལྷན་སྐྱེས་དུང་བའི་ཤེར་རྟོག་ཡན་གར་བ།།

རིང་མོ་ཞིག་ནས་སེམས་ཀྱི་ཀློང་དུ་འཁྱུད།།

                           

                       རྒན་པོའི་སྐྲ་དང་ཁ་སྤུའི་ཚོས་ཀ་དང་།།

གཞོན་པའི་སེམས་དང་ལུས་ཀྱི་སྟངས་ཀ་ལ།།

ཕན་ཚུན་སྐྱུག་མེར་ལང་བའི་བྱད་བཞིན་རེ།།

མི་མཐུན་ཡིད་ཀྱི་འཛིན་སྟངས་ཐ་དད་རེ།།

 

རྙིང་ཧྲུལ་ལྭ་བ་ཐེད་པོའི་བུག་སྒོ་ན།།

གཙག་རླུང་བྱེ་བས་གཙེས་ཀྱང་ཇི་མི་སྙམ།།

ཚོར་བ་རྒྱ་ཡན་བསྒོང་བའི་མར་སྣེ་ན།།

སག་པའི་དཔུང་ཤུགས་འདི་ཀོ་ཆ་མ་ཆོད།།

 

མངར་སྐྱུར་སིལ་མ་མྱོང་བའི་བྲོ་བ་ཞིག།

ཞིམ་མངར་བལྡག་གིན་རེག་གིན་འགྲམ་ཆུ་འཆོར།།

བསྟུད་ནས་མྱང་ན་སུན་པ་རྫུན་གྱི་གཏམ།།

མི་བདེན་རྣ་བའི་ཟེ་ནས་གཡང་ལ་བརྫངས།།

 

མི་མངོན་སྲིད་དོན་ཞགས་ནག་འདོམ་དགུ་མ།།

རྣམ་ཤེས་ཕྲ་མོའི་རྐང་ལ་སྙི་ཞིག་བཞག།

ལ་ཡན་ལུང་ཡན་བྱིང་བའི་འཆོལ་ཉོག་པ།།

རྣམ་དཔྱོད་སྟ་རེས་མི་གསེས་བཟོད་མ་ཡིན།།

 

ཆོག་ཤེས་སྲབ་མདའ་ནང་དུ་མ་དཀྱུས་བར།།

དྲན་ཤེས་སྨྱོན་པ་གཡང་ལ་མི་ཁོལ་ཞིང་།།

ལྷིང་འཇགས་ཟིལ་གྱིས་སློང་བའི་སུན་སྣང་རེས།།

ཁྱི་རྒན་རྒྱ་བོ་མལ་ནས་ཟིང་ཆ་བཀོལ།།

 

གྲུ་ཤན་སྐྱ་བས་འཕུལ་བའི་ཉ་པ་ཞིག།

འདམ་རྩའི་གསེང་ནས་གླུ་ངག་ཟི་རི་རི།།

གསེར་མིག་ཉ་མོའི་འགྱུར་ལ་མི་རྟོན་པ།།

མདུན་གྱི་ཕྱོགས་ལ་དམིགས་པ་ཆ་མ་ཆོད།།

 

བས་མཐའི་ཚལ་ན་ཤ་ཕོ་ཁེར་འགྲོས་ཤིག།

ཡུ་མོའི་རྐང་རྗེས་འཚོལ་བའི་སྣ་བཤུ་རེ།།

སུར་རློང་སྲིབ་ན་གཞིས་ཁྱིམ་མི་འཛུགས་པར།།

སྒང་ཟེ་དེད་ནས་རྫ་རིའི་ཕྱོགས་ལ་ཆས།།

 

ཤང་ཤང་ཆུ་མོ་བཞུར་བའི་ཚུར་འདབས་ཏེ།།

སྔོ་ལྗང་གཞུ་ལོ་འཐིབ་པའི་སྤང་ལྗོངས་ན།།

གཡང་དཀར་ལུ་གུ་རྩེད་བྲོ་འཁྲབ་བཞིན་དུ།།

བག་ཡངས་གཟན་ལ་རོལ་བའི་ཚུལ་ལ་ལྟོས།།

 

ཐང་ཤིང་ཡལ་ག་གྱེས་པའི་བསིལ་འོག་ན།།

སུམ་ཚུ་རྡོ་ལ་བསྔས་པ་རྫི་བོའི་ཇ།།

ཁོལ་ནས་ཞིམ་མངར་རྩམ་པའི་བྲོ་བ་ཞིག།།

མྱོང་བའི་མེ་ལོང་སེམས་ཀྱི་དཀྱིལ་ན་འཛུམ།།

 

དྭངས་གཙང་རྫིང་བུར་ཁྱིམ་གཞིས་བསྐྱ་བའི་བྱ།།

ཁྱོ་ཤུག་ངང་མོའི་དུང་བ་ནམ་མཁའི་མཐའ།།

མ་གཤེགས་དངོས་སུ་འཕོས་པའི་ལས་དབང་འདི།།

ཐོད་པའི་རི་མོ་ཞིག་ལས་འགྲེལ་ཐབས་དབེན།།

 

དཀོན་མཆོག་ལྷ་ཡིས་བསྐོས་པའི་ཡིད་ཆེས་ལ།།

ལས་འཕྲོས་བཅོས་ཀ་བྱས་པའི་རྒྱས་བསྟབས་ན།།

ཆུང་ཚག་ཉེས་པ་བསུབ་ལ་མཆོག་ཏུ་ཞེས།།

ཉམས་མྱོང་རྒན་པོའི་བསླབ་བྱ་ཚིག་གསུམ་ཡིན།།

༢༠༡༢།༡༠།༢༢།སཱ་ར་ནས།