ནང་སྲིད་བློན་ཆེན་གྱི་གསུང་དེ་མངོན་ཤེས་ཆགས་འདུག

ཕྱི་ལོ་ ༡༩༦༢  རྒྱ་དཀར་ནག་གཉིས་དབང་ས་མཚམས་དམག་འཁྲུག་བརྒྱབ་ནས་ལོ་ལྔ་བཅུ་འཁོར་གྱི་ཡོད་པས། རྒྱ་གར་གྱི་ཆབ་སྲིད་མི་སྣ་དང་སྲིད་དོན་དཔྱད་ཞིབ་པ་ཚོས་འདིའི་སྐོར་གླེང་སློང་ཤུགས་ཆེར་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༥༠ ཟླ་ ༡༡ ཚེས་ ༧ ཉིན་སྐབས་དེའི་རྒྱ་གར་གྱི་ནང་སྲིད་བློན་ཆེན་ Sardar Vallabhbhai Patel མཆོག་གིས། གནད་དོན་འདི་དང་འབྲེལ་ཡོད་སྲིད་བློན་ནིའུ་རའོ་མཆོག་ལ་དོན་ཚན་བཅུ་འཁོད་པའི་ཕྱག་བྲིས་ཤིག་ཕུལ་འདུག་པ་དེ། དེང་སང་བལྟས་ན་ཧ་ལམ་མངོན་ཤེས་ཆགས་འདུག་ཟེར་ཆོག་་་་་་་་གཤམ་དུ་གཟིགས།

སྙན་ཞུ་དེའི་ནང་བོད་དང་རྒྱ་དཀར་ནག་བཅས་ཀྱི་སྐོར་གཙོ་བོར་མ་འོངས་པར་དམིགས་ནས་གསུང་འདུག་པས། ད་ལྟའི་གནས་སྟངས་ལ་བལྟས་ན་ཁོང་གི་གསུང་བཞིན་ཧ་ལམ་གཅིག་མཚུངས་ལྟ་བུར་ཆགས་འདུག་ཟེར་ནས་བརྗོད་ཆོག དམ་པ་དེས་གཙོ་བོར་དོན་ཚན་བཅུ་གཞིར་བཞག་ནས་ཞིབ་རྒྱས་གསུངས་འདུག་པར་རེ་རེ་བཞིན་སྒྱུར་རྒྱུའི་དུས་རག་མ་སོང་ཡང། དོན་ཚན་བཅུ་སྙིང་བསྡུས་གནང་འདུག་པ་ཞིག་རྒྱབ་ལྗོངས་འགྲེལ་བརྗོད་མི་དགོས་པའི་ཐོག་ནས་འདིར་སྒྱུར་འབུལ་ཞུ་རྒྱུ་ཡིན།

དང་པོ། རྒྱ་གར་གྱི་ས་མཚམས་དང་ནང་སྲིད་ཀྱི་ཐད་ལ་རྒྱ་ནག་གཞུང་གིས་འཇིགས་སྐུལ་བྱེད་བཞིན་པར་བརྟེན། རྒྱ་གར་གྱི་དམག་དོན་དང་གསང་བའི་ལས་དོན་གལ་ཆེན་པོ་ཆགས་ཀྱི་ཡོད། གཉིས་པ། རྒྱ་གར་གཞུང་གིས་བརྟན་སྲུང་ནན་མོ་བྱེད་དགོས་པའི་རྩོད་གཞི་ཅན་གྱི་ལམ་ཁ་དང་ཡང་ན་ས་ཆ་ཉར་སྲུང་གི་ཆེད་དུ། དམག་མི་གསར་འཇུག་དང་དམག་དོན་འཐབ་ཇུས་གསར་འཛུགས་བྱེད་རྒྱུ་གལ་ཆེན་ཆགས་ཡོད། གསུམ་པ། ང་ཚོའི་དམག་དཔུང་གི་ནུས་ཤུགས་རྒྱ་བསྐྱེད་དང་བསྟུན་ནས། དགོས་གལ་གཟིགས་ཚེ། དམག་དོན་ལས་གཞི་ལ་འགྲོ་གྲོན་ཉུང་ངུ་གཏོང་རྒྱུའི་འཆར་གཞི་ལ་བསྐྱར་དུ་བསམ་གཞིག་བྱེད་དགོས། བཞི་པ། དུས་ཡུན་རིང་པོའི་རིང་ང་ཚོའི་བདེ་སྲུང་གནད་དོན་ལ་དགོས་མཁོ་གང་ཞིག་ཡིན་མིན་བསམ་གཞིག་བྱེད་ཚེ། ང་རང་ཉིད་ལ་ཚོར་སྣང་ཞིག་ཡོད་པ་ནི། ང་ཚོས་དམག་དཔུང་ཁག་ལ་གོ་ལག་འཐུས་སྒོ་ཚང་བ་ཞིག་མཁོ་སྤྲོད་བྱས་མ་ཐུབ་ཚེ། རྒྱ་གར་གྱི་བདེ་སྲུང་གནད་དོན་ཉམས་ཆག་བཏང་བ་ཙམ་མ་ཚད།  རྒྱ་གར་གྱི་ནུབ་དང་བྱང་། བྱང་ཤར། བྱང་ནུབ་བཅས་སུ་འཇིགས་སྐུལ་སྣ་ཚོགས་ཡོང་བཞིན་པར། ང་ཚོ་རང་ཉིད་ཀྱི་རྐང་པའི་ཐོག་ནས་ལངས་ཏེ་ཁ་གཏད་གཅོག་རྒྱུ་ཧ་ཅང་གི་ཁག་པོ་ཆགས་ཀྱི་རེད། ལྔ་པ། རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་ཀོ་རི་ཡའི་དམག་འཁྲུག་ལ་སེམས་ཚོར་བྱེད་སྟངས་སོགས་ཀྱི་བྱེད་ཕྱོགས་ལ་བརྟེན། རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་སུ་འཛུལ་ཞུགས་བྱེད་རྒྱུའི་དོགས་སློང་གི་ཐད་ལ། ང་ཚོའི་ངོས་ནས་རྣམ་འགྱུར་གང་ཞིག་སྟོན་དགོས་མིན་ལ་བསམ་གཞིག་བྱེད་དགོས། དྲུག་པ། རྒྱ་གར་གྱི་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀས་བྱང་དང་བྱང་ཤར་གྱི་ས་མཚམས་གཙོས། གང་ལྟར། བལ་ཡུལ་དང་འབྲུག་ཡུལ། སི་ཀིམ། རྡོར་གླིང་། ཨ་སམ་ས་ཁུལ་བཅས་ས་མཚམས་ཡོངས་སུ་ནུས་ཤུགས་རྒྱ་བསྐྱེད་གཏོང་དགོས། བདུན་པ། ནང་སྲིད་ཀྱི་ས་མཚམས་ཁག་ལ་ལས་དོན་བསྒྲུབས་པ་བཞིན། རྒྱ་གར་གྱི་མངའ་སྡེ་གཞན་ Uttar Pradesh. Bihar. Bengal. Assam བཅས་ཀྱི་ནང་དེ་བཞིན་དུ་བྱེད་དགོས། བརྒྱད་པ། ས་ཆ་དེ་དག་དང་འབྲེལ་ཡོད་ཀྱི་ས་མཚམས་ཁག་ཏུ། ས་མཁྲེགས་ཀྱི་གཞུང་ལམ་དང་མེ་འཁོར་ལྕགས་ལམ། གནམ་ལམ། སྐར་འཁོར་བརྒྱུད་ལམ་བཅས་འབྲེལ་ལམ་ཐད་ཀྱི་དགོས་མཁོ་རྣམས་ཡར་རྒྱས་དང་གསར་འཛུགས་བྱེད་དགོས། དགུ་པ། མ་འོངས་པར་ང་ཚོའི་སྐུ་ཚབ་ལྷ་ས་དང་རྒྱང་རྩེ། དེ་བཞིན་ Yatung ༼ཞེས་འཁོད་པ་ས་ཆ་འདི་གང་ཡིན་ཤེས་མ་སོང་།༽ བཅས་སུ་ཆེད་བཞུགས་ཀྱིས་ཚོང་འབྲེལ་བཙུགས་དགོས། དམག་དཔུང་ས་ཚུགས་བོད་དུ་ཡོད་པ་ཁག་གིས་ཧིན་བོད་གཉིས་ཀྱི་ཚོང་འབྲེལ་ལམ་བུ་རྣམས་བརྟན་སྲུང་བྱེད་དགོས། བཅུ་པ། McMahon Line ལ་བརྩི་སྲུང་བྱེད་པའི་ཆབ་སྲིད་ལངས་ཕྱོགས་འཛིན་དགོས་པ་བཅས་དོན་ཚན་བཅུ་བཀོད་ཡོད། གང་མགྱོགས་དོན་ཚན་རེ་རེའི་རྒྱབ་ལྗོངས་ཞིབ་འགྲེལ་ཞུ་རྒྱུ་ཡིན།