མི་ཡུལ་གྱི་མྱོང་བའི་ལོ་ཟླ།

 

རེ་བའི་གསོན་སྐེ་ཧོབ་ཀྱིས་བཅད།

འདི་སྣང་གི་ཡོད་ཚོད་རྡོག་རིལ་བཏང་།

ཁྲག་གི་ཤག་སྒྲ་ཁད་ཀྱིས་བཞུར།།  ད་དུང་ངོ་མི་གནོང་པར་ཧབ་བཤད་གང་མང་ལབ།

མི་ཡུལ་གྱི་གསོན་འདྲེ་ཟེར་བ་འདི་འདྲ་ཡིན་པར་སྙམ།

འདི་སྣང་གི་འོད་སྣང་རེ་རེ་མུན་ནག་གིས་ཕ་མཐར་བསྐྱལ།

 

བཅོས་མིན་གྱི་སུན་སྣང་སྙིང་ཁམས་ནས་བར་མེད་ལྡང་།

ལོ་ཟླའི་ཁུགས་སོ་ན་ཡ་ང་བའི་གཏམ་རྒྱུད་སྐྱུར་མོ་ཞིག།

རྫོགས་མ་ཚར་བའི་གྲང་རེག་གི་ལས་དབང་ཞིག།

བརྗོད་མ་ཚར་བའི་སྙིང་ནད་ཀྱི་གྱོད་གཞི་ནག་པོ་རེ།

སུན་སྣང་དང་འཇིགས་སྐྲག་གིས་སེམས་པ་དགུན་ཆུ་ལ་བསྐྱལ།

འོད་སྣང་ཡལ་བའི་ལོ་དེར་རང་སེམས་སྡུག་ལ་སྦྱར།

 དེ་ནས་བཟུང་ཁེར་རྐྱང་གི་ཡུལ་ལུང་གང་མང་མགྲིམས་དགོས་བྱུང་།  

དབྱིད་ཀའི་གྲང་རླུང་བར་མེད་ལྡང་བའི་ལོ་དེར། 

སེམས་པའི་ཁ་མདོག་གཞན་ཞིག་ལ་འགྱུར།

 མི་སེམས་ལ་རྣག་ཁྲག་གིས་ལོ་རྒྱུས་བཟོས།

འཛེམ་དོག་མེད་པར་སྐྱི་གཡའ་བའི་ནག་ཟླའི་རླུང་བུ་ཡང་ཡང་གཡུགས།

སྙིང་ཁོང་ནས་མཆེད་པའི་ཤུགས་རིང་དྲག་ཏུ་ཤོར། མི་ཡུལ་ལ་བཞག་པའི་ལོ་ཟླའི་གྱིས་སྡོམ་ཚིག་རེད །

ལོ་ཟླ་དེ་འཁྱག་རུ་འཁྱག་རུ།།  སེམས་པ་བུ་ཡུག་གིས་རི་གྲོང་གང་མང་ལ་ཁུར། 

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་

བོད་ཀྱི་རོལ་དབྱངས་ཁང་གི་ཉེ་འཁྲིས་ནས་སུག་བྲིས་བགྱིས་སོ།  ༢༠༡༢  ༡༠  ༡༥