གྲོལ་བའི་སྙན་ངག་དུམ་བུ་བརྒྱད་པ།
རྣམ་རྟོག་འཆར་སྒོ་མང་བའི་རི་གྲོང་ན།།
བདེན་རྫུན་བསླས་མ་ཞིག་གིས་བསྙད་ཅིག་བརྐོས།།
མངར་སྐྱུར་འདྲེས་མའི་ཚོར་བ་མྱོང་བའི་ཚེ།།
སྨྱུ་གུས་འོ་ཞིག་བདག་ལ་བསྐྱལ་ནས་བྱུང་།།
བློས་བསླངས་འཇིག་རྟེན་ཡོལ་བའི་ཕང་ཤེད་ན།།
སྐྱིད་སྡུག་དུས་ཀྱི་གཉེར་མའི་ཤུལ་རིས་ལ།།
འབད་ཅིང་བསྒྲུབས་པའི་འབྲས་བུ་དེ་ཀོ་ཞེས།།
སྟོང་པའི་དབྱིངས་ནས་སྒྲ་ཞིག་གྲག་ནས་མཆིས།།
གནམ་ལྕགས་རལ་གྲིས་བསྡིགས་ཀྱང་མི་འཇིགས་ཤིང་།།
སྦྲང་རྩི་མངར་མོས་བསླུས་ཀྱང་མི་འཁོར་བའི།
རང་གཤིས་ཕ་ལམ་དཀར་པོའི་གྲུབ་ཆ་རེས།།
ཅོལ་ཆུང་འགྲོ་ལ་རྟག་ཏུ་མེལ་ཚེ་བྱ།།
རྭ་བ་རྡོ་ལས་གྲུབ་པའི་མཁར་སྒོ་ན།།
སློང་མོའི་ངང་ཚུལ་སྟོན་པའི་བྱིས་པ་ཞིག།
ཟས་དང་གོས་ལ་ཆགས་པ་མི་མངའ་བ།།
འདུན་པའི་རྩེ་མོ་གཞན་ཞིག་ཡོད་པར་གོ།
མུན་ནག་ལོ་དགུར་ཚུད་ཀྱང་མི་སྐྱོན་མོད།།
ཀླད་པ་དྭངས་བའི་དུང་བ་ཤིན་ཏུ་ཟབ།།
འཇག་སྐྱ་རླུང་གིས་བསྒུལ་བའི་ཐང་སྟོང་ན།།
ཁེར་རྐྱང་འཁྱམ་གྱིན་སྙན་ངག་ཐར་ཐོར་འབྲི།།
རི་བོ་བྱ་རྐང་ངོས་ལ་སྒོམ་པའི་མི།།
ལྔ་བཅུ་ལོ་ལ་དབྱིངས་སུ་སྡོད་ནུས་ན།།
ས་འོག་ཙི་གུའི་རྗེས་ལ་འཛུལ་བ་དེ།།
ངོ་མཚར་མཆོག་ཏུ་བརྩིས་ན་ཅི་ཞིག་མཚར།།
ཉི་མ་ནུབ་ལ་ཆས་པའི་རྟིང་མ་ན།།
ཤར་རིའི་ཕྲག་ནས་ཟླ་འོད་གཞོན་ནུ་འཛུམ།།
ལྡུམ་རྭའི་ཚལ་གྱི་ཀུན་ད་ཁེར་རྐྱང་ཡང་།།
སྙིང་གཏམ་འདབ་བརྒྱའི་ལང་ཚོ་བཞད་འོང་ཨོ།།
སྙོམ་འཇུག་འཇིག་རྟེན་འཚོ་བའི་གྲུ་ཁ་ན།།
འདམ་རྩ་རླུང་བུས་བསྒུལ་བའི་ཆོ་འཕྲུལ་ལ།།
ཉ་པ་རྒན་པོས་སེམས་ཁམས་བྲག་ལ་བརྡབ།།
མཚོ་མོའི་རླབས་ཀྱི་གཉེར་མ་འདི་ལྟར་འཁོར།།
རྟོག་ཡན་རྒྱ་ལས་གྲོལ་བའི་བྱིས་པ་ཞིག།
གླིང་བུ་མཆུ་ལ་སྦྱར་བའི་རྐྱེན་གྱིས་བདས།།
སེམས་ཀྱི་སྐྱོ་བའི་ཐེམ་པ་རེ་རེ་ལ།།
ལོ་དང་ཟླ་བའི་བཅུ་ཤད་གྲངས་ལས་འདས།།
ཚུལ་གསུམ་རྟགས་ཀྱིས་གྲུབ་པའི་གཏན་ཚིགས་ལ།།
ཡིན་མིན་འཕྱང་མོ་ཉུག་པའི་བན་བོན་དག།།
སྦར་ཤེད་རྗེས་ཀྱི་རྨ་ཁ་རྙིང་རུལ་ནས།།
ཀེར་ཀྱི་ལང་བའི་འབུ་སྲིན་བསམ་མི་ཁྱབ།།
གནས་ལུགས་ཆོས་ལུགས་སྦྱར་བའི་ཕོ་ཤོམ་ལ།།
རྫུན་གྱི་རི་བོ་ཉིལ་བའི་སྨྲེང་གླུ་ཞིག།།
འབུ་དྲུག་སྙེ་མའི་གསེབ་ནས་དར་དིར་དུ།།
སོ་ནམ་རྒན་པོས་གྱེར་བ་དེ་ཀོ་མཚར།།
ཏི་ཚ་ཐོ་བས་བརྡུང་ཡང་ངུ་ངག་ཡལ།།
སྦུད་པ་གྲུ་མོས་བརྡབ་ཀྱང་རྒོལ་སེམས་བྲལ།།
བླུན་པོས་མཁས་པ་བཙིར་བའི་ཕྱིར་འདེང་ལ།།
བསམ་གྱིན་སྙིང་ཆུང་འཕར་འགོ་ཚུགས་སོང་ལོ།།
གཡོ་ཞིང་འཁྱོམ་པའི་སྨག་ནག་སྲིབ་ཁུག་ན།།
འཇིགས་ཟིལ་ལུས་ཀྱི་བ་སྤུ་དབྱིངས་སུ་ཟེང་།།
བག་ཆགས་ཤིག་གི་དམར་ཆུང་ལྕེ་ཟུར་ནས།།
བླ་མའི་མཚན་ཞིག་རླུང་ལ་བཞོན་ནས་ཆས།།
རལ་གྲི་ཤུབ་ཁ་སྤར་བའི་ལག་འོག་ན།།
བདེ་བའི་ངལ་གསོ་དབེན་པའི་གྱང་ཁུག་ནས།།
སྤུན་ཡ་ངར་མ་ཞིག་གི་གདོང་རྩ་ལ།།
དྲན་པའི་ཕྱིར་ཞིང་བློ་ཁོག་འདི་ལྟར་ཚུད།།
ལུམ་བི་ཚལ་ལ་བལྟམས་པའི་བྱིས་པ་ཞིག།
རྩ་མཆོག་གྲོང་དུ་གཤེགས་པ་བདེན་མོད་ན།།
ད་ལྟ་མ་གྷ་དྷ་ན་མི་དད་པ།།
ཟོག་པོ་དེ་ནི་དོན་གྱི་ཟོག་པོ་ཡིན།།
རི་བོའི་ཞོལ་ནས་འུར་ཐག་ཐོགས་ཞོར་དུ།།
སྤྱང་མོའི་རྐང་རྗེས་འཚོལ་བའི་རྫི་བོ་ལ།།
ཟོ་དོར་ཡུལ་གྱི་ལྷ་ཚོགས་མ་འཆུག་དང་།།
ར་བ་སྒོ་བཞི་འཕེལ་ཁ་བསྲིང་འོང་ལོ།།
ནགས་ཚལ་གསེང་ན་འཇབ་སྒུག་གྱིས་ཤིག་ཅེས།།
རལ་གྲི་ལག་ལ་བཞག་ནས་བུད་སོང་ཡང་།།
སྙིང་ཁ་སྡིག་པའི་ངང་ཚུལ་འདི་ལྟོས་ན།།
བྱ་དང་བྱེའུ་ཙམ་ཞིག་ག་ལ་ཐུབ།།
འབྲི་མོ་ངུར་བའི་བརྡ་ཡིས་མི་མཚོན་ཞིང་།།
རྟ་ཕོ་འཚེར་བའི་སྐད་ཀྱིས་མི་ཆོད་པ།།
འབྲོག་པའི་ལམ་དང་ལུགས་སྲོལ་བཤད་འདོད་ན།།
བོང་བུ་ཕག་པ་དེ་ཕོའི་ཕྱོགས་སུ་སོང་།།
ནམ་མཁའ་གཡའ་ཞིང་དྭངས་པའི་གུར་ཁང་ན།།
རྟ་བདུན་འོད་ཀྱི་ཕུང་པོ་འཛུམ་གྱིས་གང་།།
ནོར་འཛིན་ལྷ་མོའི་འཆོར་སྒེག་འདི་བལྟས་ན།།
རྫོགས་ལྡན་བསུ་བའི་འཕྲིན་བཟང་ཡིན་ནམ་ཅི།།
ཁ་ཏྭའི་ཏུང་སྒྲ་གྲག་པའི་ཐང་ཤིང་རྩེར།།
སྐྱ་གས་འཚུབ་ཆ་རྒོད་པ་ཅི་ཞིག་ཉེས།།
བྱ་རིགས་བྱེའུ་རིགས་མགོ་འཕང་མ་གཅོག་ཅིག།
གཤོག་ཐོགས་ལས་དབང་གཅིག་པ་སུས་ཀྱང་ཤེས།།
ཆར་དང་ཁ་བ་བསླས་མའི་རི་རྩེ་ན།།
ན་བུན་ཀྱུར་ཀྱུར་བྲེལ་ཤ་འཚུབ་བོ་ལ།།
གཡུ་འབྲུག་སྔོན་མོ་བོར་བའི་རྨི་ལྟས་སམ།།
ཁུ་བྱུག་སྔོན་མོ་སླེབས་པའི་ཅོང་བརྡ་ཞིག།
གུས་རྟག་བརྩོན་པ་ཟླ་ཀླུང་སྔོན་མོའི་རྒྱུན།།
རྫ་འབྲི་ལོག་ནས་ཆལ་ཆིལ་བཞུར་པའི་རླབས།།
ཡ་གླིང་ཤར་མའི་ལྷོ་ནས་ཟེགས་མ་རེས།།
ཞི་བསིལ་སེམས་ཀྱི་བདེ་ཆེན་ཡེ་ཤེས་མྱོང་།།
མཐའ་མེད་མྱ་ངམ་ཡངས་པའི་དཀྱིལ་འཁོར་ན།།
གདུང་བའི་རྔུལ་ཐིག་ཟག་པ་མ་རིག་བློ།།
གནམ་གྱི་ལྷ་མོས་སྐྱོབས་ཐབས་མ་མཆིས་ཀྱང་།།
མཚོ་འཁྲུངས་ལྷ་མོའི་རུམ་ན་སྐྱིད་ཉལ་ཐོབ།།
བསྣུན་ན་དབྱིངས་སུ་གཟིགས་པ་མི་ཡོལ་ཞིང་།།
ཕྱུངས་ན་སྙན་འགྱུར་པི་ཝཾ་བརྡུང་བའི་དབྱངས།།
སྲིད་པ་འདི་ཡི་མཐར་ཐུག་བདེ་ཆེན་ལ།།
མྱོང་བའི་ཐེག་པ་ཐུན་མོང་དགྱེས་པའི་ཡུལ།།
ས་སྲོད་མཐོང་བའི་ཐོ་ཡོར་འདྲེ་ལ་འཁྲུལ།།
སྐྱ་རེངས་དུས་ཀྱི་བདེན་པ་མ་མཐོང་ན།།
གཏན་དུ་འདི་དང་འདི་ལྟའི་ལམ་བུ་ནས།།
ཉིང་འཁྲུལ་ལུ་གུ་རྒྱུད་དུ་འབྲེལ་བར་ངེས།།
བོ་དོང་པཎ་ཆེན་ཞབས་རྗེས་མ་རེག་པའི།།
བྱིས་པ་མེད་ཅེས་ཁ་ཚོན་མ་གཅོད་དང་།།
ད་ལྟ་མ་ཡུམ་སཱ་རའི་སློབ་གླིང་ན།།
མགྲིན་པའི་རྩ་ཁམས་གྲོལ་བ་ཡོད་དོ་ལོ།།
རང་བྱུང་རི་ཆུ་ཉི་ཟླ་མེ་ཏོག་ལ།།
དོ་བསྡོ་གཞོན་ཤ་ཆགས་པའི་སྙན་ངག་པ།།
ནག་མོ་ཁོལ་དང་འདྲིས་དང་ལོ་བརྒྱད་དང་།།
དབྱུག་པ་ཅན་དང་འགྲོག་ནས་ལོ་དགུ་སོང་།།
གཞུ་མོའི་འཆང་བཟུང་མ་གློད་དམ་གྱིས་ཆོངས།།
མདའ་མོའི་ལྟོང་ཁ་མ་ནོར་ནན་གྱིས་ལྟོས།།
འབེན་གྱི་ནག་ཐིག་གཏོར་ནས་ཤོག་ཟེར་མོད།།
གང་ལ་བརྫང་དགོས་ད་དུང་ཐག་མ་ཆོད།།
མཛའ་བརྩེ་མེ་ཏོག་ཞགས་པས་བཅིང་བ་མོ།།
ཟེའུ་འབྲུ་སྙིང་གི་གུར་ཁང་དཀྱིལ་ན་འཁྲུངས།།
མངར་མོ་སྦྲང་རྩི་མྱོང་བའི་བྲོ་བ་ལ།།
ལྷ་དང་སྲིན་པོ་འགྲམ་ཆུ་ལྡང་ནས་མཆིས།།
གཙང་པོ་དལ་གྱིས་གཞོལ་བའི་ཉམས་འགྱུར་དང་།།
ནུབ་ཁའི་ཉི་མའི་འོད་ཀྱི་སྒྱུ་རྩལ་ལ།།
རེ་སྨོན་སོ་ཁ་སྲུང་བའི་སྙན་ངག་པ།།
ཀུན་རྟོག་སྒྱུ་མའི་ཤུགས་གླུ་ལེན་པར་ངེས།།