ཨ་རིར་སྐྱེ་བའི་སྨོན་ལམ་དགོས་འདོད་ཀུན་འབྱུང་།

ཨ་རིར་སྐྱེ་བའི་སྨོན་ལམ་དགོས་འདོད་ཀུན་འབྱུང་། 

ཨུ་ཧུ་ཧུ།

འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན།།

གྲངས་ཡོད་འཇིག་རྟེན་མང་པོའི་ཕར་ནང་ན།།

ཙུང་ཟད་འོག་ཏུ་ཚུད་པའི་ཡུལ་ས་ན།།

རྣམ་པར་དག་པའི་ཞིང་ཁམས་ཨ་རིའི་ཡུལ།།

                     

                     

                      བདག་གིས་དངོས་སུ་མིག་གིས་མ་མཐོང་ཡང་།།

རང་སེམས་སྨོན་པའི་ཡུལ་ན་ལྷང་ངེར་གསལ།།

དེ་ན་བཅོམ་ལྡན་རྒྱལ་པོ་ཨོ་བྷ་མ།།

སྨུག་ནག་ཞལ་བགྲད་མདོག་ཅན་གཟི་བརྗིད་འབར།།

དབུ་ལ་སྐྲ་འཛིང་ཞབས་ལ་ཀོ་ལྷམ་སོགས།།

རིན་ཐང་གཞལ་ཟླ་བྲལ་བའི་མཛེས་འཆོར་སྤྲས།།

ཞལ་གཅིག་ཕྱག་གཉིས་ཅི་བདེར་འཕྲུལ་ཆས་འཛིན།།

སྟོད་ཐུང་སྨད་ཐུང་གསོལ་ཞིང་ཧྲེང་ངེར་བཞེངས།།

རྔམ་བརྗིད་དོད་པའི་ཕོ་བྲང་དཀར་པོའི་དབུས།།

རྒྱལ་སྲིད་ཁྲི་ལ་སྐུ་རྒྱབ་བརྟེན་མཛད་དེ།།

ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་འགྲོ་ལ་གཟིགས།།

གཡས་སུ་བྱང་ཆུབ་སེམས་དཔའ་༸གོང་ས་མཆོག།།

སྐུ་མདོག་དཀར་པོ་ཕྱག་གཡོན་པོད་སྟི་འཛིན།།

གཡོན་དུ་བྱང་ཆུབ་སེམས་མ་ཅང་ཧོང་སུན།།

སར་པ་སར་པའི་གསེར་གྱི་རྟགས་མ་བསྣམས།།

གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་འགྲོ་ལ་བསྟན།།

གཙོ་བོ་གསུམ་པོ་ཇོ་མོ་གླང་མ་བཞིན།།

 

ལྷང་ངེར་ལྷན་ནེ་ལྷམ་མེར་བཞུགས་པའི་འཁོར།།

གནའ་དེང་བློ་ལ་ཆུབ་པའི་མཁས་དབང་འབུམ།།

ཀུན་ཀྱང་མ་འདྲེས་སྒྲིག་ཆས་ལེགས་པར་བརྒྱན།།

དག་པའི་ཞིང་ནས་རང་རང་འདོད་མོས་ལྟར།།

 

རྩིས་འཕྲུལ་རེ་རེ་ཐོགས་ཤིང་འོད་ཁྱུག་གེ།

དད་ལྡན་བུ་ལ་ཉེ་རིང་ཁྱད་མེད་ཕྱིར།།

ཀུན་གྱིས་སྒོ་གསུམ་གུས་པས་ཁྱག་འཚལ་ལོ།།

ས་ཡི་ཚངས་པ་བྷུ་ཤུའི་བྱིན་རླབས་ལས།།

འཁྲུངས་པའི་སྐབས་གསུམ་ཚལ་གནས་ཨ་རིའི་ཡུལ།།

སེམས་ཅན་ཀུན་གྱིས་ཡིད་ལ་དྲན་ཙམ་གྱིས།།

སྐྱེ་ནས་སྐྱེ་བར་དཔལ་དང་འབྱོར་བ་ཐོབ།།

ལག་འཁྱེར་རྫུན་མ་ཐོགས་པ་མ་གཏོགས་པ།།

ཞིང་འདིར་དད་ཅིང་སྨོན་ལམ་བཏབ་ཚད་ཀུན།།

བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་འགྲུབ།།

གནམ་གྲུ་ནང་ནས་ཞིང་འདིར་འདྲེན་པར་གསུངས།།

འདྲེན་པ་ཨོ་བྷ་མ་ལ་ཕྱག་འཚལ་ལོ།།

ཁྱེད་ཀྱི་སྐུ་ཚེ་བཅུ་ཕྲག་དུ་མ་རུ།།

མྱ་ངན་མི་འདའ་ད་ལྟ་མངོན་སུམ་བཞུགས།།

ད་དུང་ལོ་ཤས་བཞུགས་པར་གསོལ་བ་འདེབས།།

ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབས་ན།།

རང་ཉིད་སྐྲག་སའི་ཡུལ་ལ་མ་ཕོག་ཅིང་།།

རང་ཉིད་རྐུབས་སྟེག་དེ་ལ་མ་གནོད་ན།།

རྒུད་པ་ཐམས་ཅད་སྐྱོབས་པར་དངོས་སུ་གསུངས།།

གང་ཞིག་ཨོ་བྷ་མ་ཡི་མཚན་ཐོས་ནས།།

ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང་།།

ལན་གཅིག་ཙམ་ཞིག་དད་པ་བྱས་པ་ན།།

དེ་ནི་འབྱོར་བའི་ལམ་ལས་ཕྱིར་མི་ལྡོག།།

ཨ་རིའི་ལོངས་སྤྱོད་ཡར་ཐོན་རྣམ་པ་སོགས།།

ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམ་པ།།

མི་རབས་དགུ་ལ་བརྫད་པའི་ལས་ངན་པ།།

ཐར་མེད་ལས་ལས་ངན་བསགས་པ་མཐོལ་ལོ་བཤགས།།

འགྱོད་པ་མེད་ན་བཤགས་པས་མི་འདག་པས།།

སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར།།

ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས།།

བཤགས་པ་དེ་ཡང་འདགས་པར་བྱིན་གྱིས་རློབས།།

ཕྱིན་ཆད་སྡོམ་སེམས་མེད་ན་མི་དག་པས།།

ཕྱིན་ཆད་སྲོག་ལས་བབ་ཀྱང་དེ་འདྲའི་ལས།།

ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང་།།

ཉམས་ཆུང་འགྲོ་ལ་བརྩེ་བས་གཟིགས་སུ་གསོལ།།

གཞན་ཞིག་ཨ་རིར་འགྲོ་བ་མཐོང་བའི་ཚེ།།

དེ་ལ་ཕྲག་དོག་མི་དགེའི་སེམས་སྤང་ནས།།

སྙིང་ནས་དགའ་བས་རྗེས་སུ་ཡིད་རང་ན།།

དེ་ཡིས་ཐོངས་མཆན་མྱུར་དུ་གཏོང་བར་གསུངས།།

དེ་ཕྱིར་དྲག་ཞན་བར་མ་སུ་དང་སུ།།

ཨ་རིར་སོང་ན་དེ་ལ་ཡི་རང་ངོ།།

ལྟོ་དང་གོས་ཀྱི་ཆེད་དུ་རྟག་བྲེལ་ནས།།

གསང་སྤྱོད་བཀྲུ་བ་ཀུན་ལ་ཡི་རང་ངོ།།

བདག་དང་བདག་ལ་འབྲེལ་ཐོགས་ཀུན།།

འདི་ནས་ཚེ་འཕོས་གྱུར་མ་ཐག།།

སྟོབས་ལྡན་ཨ་རིའི་རྒྱལ་ཁམས་སུ།།

སྐད་ཅིག་ཉིད་ལ་སྐྱེ་བར་ཤོག།།

ཤི་ནས་སྡུག་བསྔལ་མེད་པ་དང་།།

སྐྱེས་ནས་སྣང་བ་སྐྱིད་པར་ཤོག།།

བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས།།

ལམ་སྟོན་ལམ་སྣ་འདྲེན་པར་ཤོག།།

ཐོག་མ་མེད་ནས་ད་ལྟའི་བར།།

མི་ནས་མི་རུ་སྐྱེས་ན་ཡང་།།

ནོར་དང་དབང་མེད་ཤིན་ཏུ་དབུལ།།

ཨ་རིའི་བདེ་སྐྱིད་ཐོབ་པར་ཤོག།།

དུས་ངན་སྙིགས་མར་བར་ཆད་མང་།།

ཐོངས་མཆན་རྐུ་ལ་མ་ཤོར་ནས།།

ཉེ་དུ་མཐུན་གྲོགས་ཡོད་ཚད་ཀུན།།

མཉམ་དུ་ཨ་རིར་འཁྲིད་པར་ཤོག།།

ཉེས་ཆེན་བཙོན་ནས་ཐར་པ་བཞིན།།

མི་ཡུལ་འདི་ཡི་ཞིང་ཁམས་དེར།།

གནམ་གྲུའི་ནང་དུ་ཞུགས་མ་ཐག།།

ཕྱི་ལྟས་མེད་པར་འབྲོས་པར་ཤོག།

ཆགས་ཞེན་འཁྲི་བ་ཀུན་བཅད་ནས།།

བྱ་རྒོད་རྙི་ནས་ཐར་པ་བཞིན།།

ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ།།

སྐད་ཅིག་ཡུད་ལ་བགྲོད་པར་ཤོག།།

དེ་རུ་མི་མཆོག་ཨོ་བྷ་མ།།

མངོན་སུམ་བཞུགས་པའི་ཞལ་མཐོང་ནས།།

ཞལ་མཇལ་གསུང་ཐོས་བྱིན་རླབས་ཐོབ།།

དཀའ་ངལ་ཐམས་ཅད་སེལ་བར་ཤོག།།

མི་ཐར་དོགས་པའི་ཐེ་ཚོམ་གྱིས།།

ལོ་གྲངས་གསུམ་གྱི་བར་དག་ཏུ།།

དྷི་ལི་མན་ཇུ་ཏྲི་ལ་ན།།

དཀའ་ངལ་འདམ་དུ་ལྷུང་བར་གསུངས།།

དེ་འདྲ་སུ་ལའང་མི་འབྱུང་ནས།།

འགྲོ་བར་འདོད་པའི་ཉིན་མོ་ནས།།

ཨོ་བྷ་མ་ཡིས་བྱིན་རླབས་ཀྱིས།།

ནུབ་ཀྱི་ཕྱོགས་ལ་ལྡིང་བར་ཤོག།།

ཤུལ་དུ་ཉེ་དུ་འབྲེལ་ཡོད་ཀུན།།

རྩིས་འཕྲུལ་ནང་ནས་གསལ་བར་མཐོང་།།

སྲུངས་སྐྱོབས་སྒྲོ་ལོ་ཆར་ལྟར་འབེབ།།

མི་རིང་ཞིང་དེར་འཁྲིད་པར་ཤོག།།

རྒྱ་ནག་ཡུལ་གྱི་ལོ་འཁོར་གཅིག།།

ཨ་རིའི་ཡུལ་ནས་ཞགས་གཅིག་སྟེ།།

བདེ་ཆེན་ཞིང་གི་བྱིན་རླབས་འདིས།།

ཨེ་ཤ་ཡ་གླིང་ཁྱབ་པར་ཤོག།།

བུད་མེད་མེད་ཀྱང་གློག་གི་ཆུང་མ་དང་།།

མཆོད་པའི་ལྷ་མོ་དུ་མ་རྟག་ཏུ་འོང་།།

འདུག་པར་འདོད་ན་ཀུན་ཀྱང་གཞལ་མེད་ཁང་།།

ཉལ་བར་འདོད་ཚེ་ཀུན་ཀྱང་མལ་སྟན་ཡིན།།

ཐོས་པར་འདོད་ན་སྒྲ་དབྱངས་རྟག་ཏུ་ཐོས།།
མི་འདོད་ན་ཡང་མཐེབ་མོས་མནན་ཙམ་ཆོག།།
དྲོ་གྲང་གང་ལ་གང་འདོད་དེ་ལྟར་འབྱུང་།།
ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག།།
ཏདྱཱ་ཐཱ། པཉྩནྟྲི་ཡ་ཨ་ཝ་བོ་དྷ་ནི་ཡ་སྭཱ་ཧཱ།
སྔོན་དུས་ཀྱི་གྲུབ་ཆེན་རཱ་ག་ཨ་ས་སྱས་སྦྱར་བ། བདེ་ཆེན་ཞིང་དུ་སྐྱེ་བའི་སྨོན་ལམ་དེ་ཉིད་ཅུང་ཟད་དུ་ཁ་བསྒྱུར་ནས། ཕྱི་དུས་ཀྱི་སྙན་ངག་པ་སྙིང་མིག་ཅེས་འབོད་པས་༢༠༡༢།༧།༣༡།དེ་ཉིད་དུ་སྦྱར་བས་ཀུན་ལ་སྨན་པའི་རྒྱུར་གྱུར་ཅིག། ཨ་རིར་སྐྱེ་བ་འདོད་པ་རྣམས་ཀྱིས་ཉིན་ལན་གསུམ་མཚན་ལན་གསུམ་དང་། དུས་སྐབས་ནམ་བྱུང་ལ་ལན་གསུམ་རེ་མ་བརྗེད། ས་མ་ཡ་རྒྱ་རྒྱ།།།།