ཨ་རིར་རླུང་འཚུབ་ཀྱི་གོད་ཆགས།

ཕྱི་ཟླ་༡༠ པའི་ཚེས་༢༩ དང་༣༠ སོ་སོར་ཨ་རིའི་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་ཅིག་གི་ནང་རླུང་འཚུབ་ཤུགས་ཆེན་བྱུང་སྟེ། མི་གྲངས་ལྔ་བཅུ་ལྷག་ཙམ་རྐྱེན་འདས་སུ་ཕྱིན་ཡོད་པའི་ཁྲོད་གྲོང་ཁྱེར་ནིའུ་ཡོག་ནས་ཉུང་མཐར་ཡང་མི་གྲངས་༢༢ ཙམ་རྐྱེན་ལམ་དུ་སོང་ཡོད་པའི་གནས་ཚུལ་བྱུང་ཡོད་པ་རེད།

དེ་ཡང་བརྒྱུད་ལམ་ཁག་ཏུ་གསན་ཚུལ་སaེཔལ་གསལ་ལྟརན། ཐེངས་འདིའི་རླུང་འཚུབ་ཀྱིས་གནོད་འཚེ་ཕོག་ཡུལ་གཙོ་བོ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་། ནིའུ་ཇར་སི་གཉིས་ཡིན་པ་དང་། ནིའུ་ཡོག་གྲོང་ཁྱེར་གྱི་ས་འོག་རི་ལིའི་ལྕགས་ལམ་ཆུས་ཁེངས་ཏེ་སྒོ་རྒྱབ་དགོས་བྱུང་ཡོད་པ་མ་ཟད། ནིའུ་ཡོག་གྲོང་ཁྱེར་གྱི་གནམ་ཐང་གཙོ་བོ་ཁག་ཀྱང་ཆུས་ཁེངས་ནས་སྒོ་རྒྱག་དགོས་བྱུང་ཡོད་པས།  ཉུང་མཐར་ཡང་གནམ་གྲུ་ཁྲི་གཅིག་དང་བརྒྱད་སྟོང་ལྷག་ཙམ་དུས་ཐོག་ཏུ་འཕུར་བསྐྱོད་བྱེད་མ་ཐུབ་པར་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་པ་རེད་།

དེ་བཞིན་ནིའུ་ཡོག་གྲོང་ཁྱེར་གྱི་ས་གནས་མང་པོར་གློག་ཆད་ནས་ཉིན་གསུམ་བཞི་ཙམ་གྱི་རྗེས་སུ་མ་གཏོགས་གློག་གཏོང་ཐུབ་རྒྱུ་ཁག་པོ་ཡིན་ཞིང་།  ལྷག་པར་དུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་། ནིའུ་ཇར་སི་གཉིས་ཀྱི་བར་འགྲོ་བསྐྱོད་བྱེད་མཁན་གྱི་རི་ལི་མཚམས་འཇོག་བྱས་ནས། ཉིན་གྲངས་བདུན་ནས་བཅུའི་ནང་ཚུད་མ་གཏོགས་རི་ལིའི་རྒྱུན་ལྡན་ལྟར་བསྐྱོད་ཐུབ་ཀྱི་མེད་སྐོར་འགྲེལ་ཡོད་དཔོན་རིགས་ཀྱིས་འགྲེལ་བརྗོད་གནང་ཡོད་འདུག

ཨ་རིའི་ནུས་པའི་འབྱུང་ཁུངས་ལས་ཁང་གིས་འགྲེལ་བརྗོད་བྱས་པ་ལྟར་ན་། ད་ལྟའི་ཆར་ཨ་རིའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་ནས་མི་ཚང་ཁྲི་དྲུག་བརྒྱ་ལྷག་ཙམ་གློག་ཆད་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཉིན་གསུམ་རིང་གི་སྲིད་འཛིན་འོས་འདེམས་ཀྱི་ལས་འགུལ་ཁག་མཚམས་འཇོག་བྱས་ནས། རླུང་འཚུབ་ཀྱི་གནོད་འཚེ་ཕོག་ཡུལ་དུ་གཟིགས་ཞིབ་གནང་བར་ཕེབས་ཀྱི་ཡོད་པ་དང་།  གཟའ་ལྷག་པའི་ཉིན་གྲོང་ཁྱེར་ནིའུ་ཡོག་གི་གནམ་ཐང་དང་། གཞུང་གི་ལས་ཁུངས་དང་སློབ་གྲ་ཁག་ཅིག་བསྐྱར་གསོ་བྱུང་ཡོད་པའི་ཁར་གྲོང་ཁྱེར་ནིའུ་ཡོག་གི་མ་རྐང་ཁྲོམ་ར་ཁག་ཅིག་གིས་ཀྱང་ཚོང་ལས་འགོ་འཛུགས་བྱས་ཡོད་ན་ཡང་།  ད་དུང་ཡང་ཁྱིམ་ཚང་མང་པོ་གློག་མེད་པའི་དཀའ་ངལ་འོག་གནས་མུས་ཡིན་འདུག

མ་ཟད་ཐེངས་འདིའི་རླུང་འཚུབ་དེས་རྐྱེན་གྱིས་ཨ་རིའི་རྒྱལ་སའི་ཁུལ་དུ་ཡང་བྱེ་མའི་རླུང་འཚུབ་དེའི་རྐྱེན་ས་སྟེང་ས་འོག་གི་འགྲིམ་འགྲུལ་ཚང་མ་མཚམས་འཇོག་གིས་སློབ་གྲ་དང་ཁྲོམ་ར།  དབུས་གཞུང་གི་ལས་ཁུངས་ཡོངས་རྫོགས་ཉིན་གཉིས་རིང་སྒོ་བརྒྱབ་ཡོད་པ་རེད་འདུག

ད་རེས་ཀྱི་རླུང་འཚུབ་འདིས་ཉུང་མཐར་ཨ་སྒོར་ཐེར་འབུམ་ལྔ་བཅུ་ལྷག་གི་གྱོང་བཟོས་ཡོད་པ་དང་། ཨ་རི་གཞུང་གིས་རླུང་འཚུབ་འདི་མཁའ་དབྱིངས་སུ་ཐོག་མར་ཆགས་དུས་ནས་ཧ་གོ་ཡོད་པར་བརྟེན། རིམ་པས་ཉེན་ཡོལ་གྱི་གྲ་སྒྲིག་བྱས་ཡོད་སྟབས་རླུང་འཚུབ་ཀྱི་སྟོབས་ཤུགས་ལ་དཔག་ན་ཤི་གོད་ཀྱི་ཚད་གཞི་ཧ་ཅང་ཉུང་ཉུང་ཡིན་པ་རེད་འདུག