རྒྱ་རིགས་ཞིག་ལ་ལོ་བརྒྱད་ཀྱི་ཁྲིམས་ཆད།
རྒྱ་རིགས་ཞིག་གིས་ཕྱོགས་འགལ་ཚོགས་པ་ཞིག་བཙུགས་རྒྱུའི་ཐབས་ཤེས་བྱས་པ་དང་དྲ་ལམ་བརྒྱུད་གཞུང་ལ་སྐྱོན་བརྗོད་བྱས་པའི་ཉེས་མིང་འོག རྒྱ་ནག་གཞུང་གིས་ཁོང་ལ་ཟླ་འདིའི་ཚེས་ ༡ ཉིན་ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
རྒྱལ་སྤྱིའི་བརྒྱུད་ལམ་དུ་རུ་ཊར་གསར་ཁང་གིས། རྒྱ་ནག་གི་ལྷོ་ནུབ་ཏུ་ཡོད་པའི་གྲོང་ཁྱེར་ཀཱུན་མིང་ནང་གི་ཁྲིམས་ཁང་ཞིག་ནས་ལོ་ན་ ༢༧ སོན་པའི་རྒྱ་རིགས་ཚའོ་ཧེ་པའོ་ཟེར་བ་ཞིག་གིས་རྒྱ་ནག་གཞུང་དེ་མང་གཙོའི་གཞུང་ལ་སྒྱུར་དགོས་པ་དང་། དྲ་ཐོག་ཏུ་གཞུང་ལ་སྐྱོན་བརྗོད་ཚུལ་དུ་མཆན་སྣ་མང་ཞིག་སྤེལ་ཡོད་པ་མ་ཟད། ཁོང་གིས་རྒྱ་ནག་སྤྱི་མཐུན་ཚོགས་པ་ཞེས་པའི་གཞུང་གི་ཕྱོགས་འགལ་ཚོགས་པ་ཞིག་བཙུགས་ཡོད་པས། རྒྱ་ནག་གཞུང་གིས་དེ་ནི་གཞུང་མགོ་རྟིང་སློག་པའི་ཉེས་འཛུགས་འོག་ལོ་ ༨ ལ་བཙོན་འཇུག་ཁྲིམ་ཐགས་བཅད་ཡོད་པ་རེད།
རྒྱ་རིགས་ཚའོ་ཧེ་པའོ་ཡི་ཁྲིམས་རྩོད་པ་མཱ་ཡིས་ཁོང་ལ་ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་བཅད་པ་དེ་ནི་མང་དྲག་པ་རེད། ཚའོ་ཧེ་པའོ་ནི་སྤྱིར་བཏང་ནས་རྒྱ་ནག་གི་ཆབ་སྲིད་ལ་གོ་རྟོགས་ཡག་པོ་ཡོད་མཁན་ཞིག་མིན་པ་མ་ཟད། ཁོང་རང་གི་བྱ་སྤྱོད་དེ་ལ་གཞུང་གིས་ཉེས་པ་དེ་འདྲ་གཏོང་གི་ཡོད་པ་ཤེས་ཀྱི་མེད་པ་དང་། ཁོང་ནི་དུས་རྒྱུན་མང་གཙོ་དོན་གཉེར་ཅན་གྱི་འཐབ་རྩོད་པའི་གནད་ཡོད་མི་སྣ་དེ་འདྲ་གང་ཡང་མ་རེད་ཅེས་བརྗོད་ཡོད་འདུག
མུ་མཐུད་ཁྲིམས་བརྩོད་པ་མཱ་ཡིས་། ཁྲིམས་ཁང་གིས་རྒྱ་རིགས་ཚའོ་ཧེ་པའོ་ལ་ཁྲིམས་ཐག་དེ་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་བཅད་ཡོད་ཀྱང་། ཁོང་ལ་ཁྲིམས་བརྡ་དེ་ཉིན་གཅིག་གི་རྗེས་ཁ་པར་བརྒྱུད་སྤྲད་སོང་བས་འགྲོ་སྟངས་དེ་ནི་ཁྲིམས་ཐོག་ནས་འགྲིག་གི་མ་རེད་ཞེས་བརྗོད་འདུག
རྒྱ་རིགས་ཚའོ་ཧེ་པའོ་ནི་འཚོ་གནས་ཆེད་གློག་ཀླད་དྲ་ཁང་ཞིག་གཉེར་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ནང་ཁོང་དང་ཀྲང་ཡན་གཉིས་གཉེན་སྒྲིག་བྱས་ཏེ། ཟླ་གསུམ་ཙམ་གྱི་རྗེས། ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁོང་གཉིས་ལ་ཟླ་ ༩ སོན་པའི་ཕྲུ་གུ་ཞིག་ཡོད་འདུག
གཞུང་གི་ཁྲིམས་ཆད་དེར་བཟའ་ཟླ་ཀྲང་ཡན་གྱིས་གྱིས། ལོ་ ༨ ལ་ཁྲིམས་ཐག་བཅད་པ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། ངས་རེ་བར་མང་མཐར་ལོ་ ༥ ལ་ཁྲིམས་ཐག་བཅད་ཡོང་བསམ་བྱུང་། སྤྱིར་བཏང་ནས་ངའི་བཟའ་ཟླས་གཞུང་མགོ་རྟིང་སློག་ཆེད་ཁོང་གིས་དྲ་ཐོག་ལ་བསམ་ཚུལ་གང་དང་གང་སྤེལ་ཡོད་མེད་ངས་གཅིག་ཀྱང་ཤེས་ཀྱི་མེད་ཅེས་བརྗོད་འདུག།
