བུད་མེད་བཙན་གཡེམ་བྱེད་མཁན་ལ་ཉེས་པ་མེད་པ་རེད་དམ།
བུད་མེད་ཀྱི་གནད་དོན་ནི་ཕོ་དང་གཅིག་མཚུངས་ཀྱི་གནས་སྟངས་སྣ་ཚོགས་ཤིག་རེད། བུད་མེད་ལ་མཚོན་ན་གཟུགས་ཕུང་ལ་བཙན་གནོན་བྱས་པ་དེ་ནི་མོའི་མི་ཚེ་ནང་ཆེས་འཇིགས་སྣང་ཆེ་བའི་གནས་སྟངས་ཤིག་ཡིན་པ་བཤད་ག་ལ་དགོས། སྔོན་དེའི་སྐོར་བཙན་བྱོལ་སྤྱི་ཚོགས་སུ་གནད་དོན་ཉུང་ཤས་བྱུང་ཡོད་མོད། དཔེར་ན་རྡ་སར་གསར་དུ་འབྱོར་བའི་བཙུན་མར་ཡུལ་མིས་བཙན་གཡེམ་བྱས་པ་དང། གཞིས་ཆགས་སུ་བུད་མེད་ཀྱི་གཟུགས་ཕུང་ལ་རྡུང་རྡེག་ཕོག་པ། དེ་མིན་རྩ་བའི་ཆ་ནས་སེམས་ནང་གི་ཁོང་ཁྲོ་འགོག་ཐབས་མེད་པའི་གནས་སྟངས་ཤིག་སྟེ། བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭ་ཞིག་ནང་དགེ་རྒན་གྱི་ཆོ་ལོ་རྫིག་པོ་རེ་འཁྱེར་ནས་ལོ་བཅུ་གྲངས་ལོན་ཙམ་གྱི་སློབ་མ་བུ་མོ་ལ་བཙན་གཡེམ་བྱས་པའི་སྐོར་དེ་རེད།
དེ་མིན་དར་མ་ཞིག་གིས་ཕྲུ་གུ་བུ་མོ་ཆུང་ངུ་ལའང་བཙན་གཡེམ་བྱས་ཚུལ་གོ་རྒྱུ་འདུག ཕ་ཡུལ་ནས་ཕ་མ་སྤུན་ཉེ་ཚོས་ཐབས་ཤེས་ཡོད་རྒུ་རྩལ་དྲུག་གིས་རང་གི་ལུས་ནས་ཆད་པའི་བུ་རྒྱུད་བཙན་བྱོལ་ཡུལ་དུ་ཤེས་བྱ་སྦྱོང་སར་བཏང་ཡང། འདི་ནས་དགེ་བའི་བཤེས་བསྙེན་གྱི་ཆོ་ལོ་རེ་འདོགས་ཏེ་སློབ་མར་བཙན་གཡེམ་བྱས་ཚུལ་ནི་གནམ་ས་གཉིས་སུ་མི་ཤོང་བའི་ལས་འབྲས་དང་འགལ་བའི་ངན་པའི་བྱ་སྤྱོད་ཅིག་ལོས་ཡིན། དེ་མིན་དཔུང་པ་གནམ་ལ་འཕྱར་ནས་གཟུགས་ཕུང་ཉམས་ཆུང་གི་བུད་མེད་རྡུང་མཁན་ནི་ཕོ་རྒོད་ཀྱི་རྫིག་ཉམས་དང་གཟི་བརྗིད་ལ་རྡོག་རོལ་བཏང་མཁན་རང་རེད།
སྤྱིར་ང་ཚོ་བཙན་བྱོལ་གྱི་གནས་སྟངས་འདི་ཆབ་སྲིད་འཐབ་རྩོད་ཀྱི་རྒྱུད་རིམ་དང་། དེ་ནི་དཀའ་ཚེགས་ཆེ་བའི་གནས་སྟངས་ཡིན་པར་བདེན་ཡང། ད་བར་བུད་མེད་ཀྱི་གཟུགས་ཕུང་ལ་གནོད་གཞིར་བཟོས་པའི་སྤྱོད་ངན་རིགས་ལ་རང་རེའི་ཁྲིམས་སྒྲིག་གིས་སྟངས་འཛིན་ནུས་ལྡན་མེད་པ་མ་ཟད། དམིགས་བསལ་དུ་ཡུལ་མིས་བོད་ནས་གསར་དུ་འབྱོར་བའི་བཙུན་མར་བཙན་གཡེམ་བྱས་པའི་གནས་ཚུལ་ངན་པ་དེའི་རིགས་ད་ལྟའི་ཆར་ཡུལ་ཁྲིམས་ལ་སྦྱར་རྒྱུ་ཙམ་ལས་ང་ཚོ་རང་ངོས་ནས་ཇི་ལྟར་འགོག་རྒོལ་དགོས་པའི་སྐོར་རེད།
བུད་མེད་རྣམས་ཉིན་གཅིག་དུས་དྲུག་རང་གི་ལུས་སེམས་གཉིས་ལ་གཉའ་གནོན་མེད་པར་རང་དབང་གི་ཐོག་ནས་ཤེས་རབ་སྦྱོང་བརྩོན་གྱི་ཁོར་ཡུག་གཙོས། འཚོ་བ་བག་འཕེལ་བ་ཞིག་སྤྱོད་ཐབས་སྐོར་སྤྱི་ཚོགས་སུ་ཆེད་ལས་ཀྱི་ལས་བྱེད་དང་སེམས་ཁམས་རིག་པའི་སློབ་དཔོན་། དེ་མིན་དེར་ཉེན་ཁ་མེད་ཅིང་འགན་སྲུང་གཙོ་བོ་ཡོད་པའི་ཁོར་ཡུག་ཅིག་དགོས་པ་ནི་ཁྲིམས་ཀྱི་ལག་ཆ་བེད་སྤྱོད་དེ་སྤྱི་ཚོགས་སུ་ཕོ་མོ་གཉིས་ལ་འདྲ་མཉམ་གྱིས་བདེ་སྲུང་དང་གཅིག་མཚུངས་ཀྱི་ལྟ་སྟངས་འཛིན་རྒྱུ་དེ་རེད། རྒྱལ་ཁབ་མང་པོར་བུད་མེད་ལ་བཙན་གཡེམ་བྱེད་མཁན་ལ་ཉེས་པ་ཆེན་པོ་སྦྱར་དགོས་པའི་ཁྲིམས་སུ་བཅས་ཡོད། ཉེ་དུས་ཀྱང་མཱ་ལེ་ཞི་ཡའི་རྒྱལ་ཁབ་ནས་སློབ་ལོ་མ་ལོན་པའི་བུ་མོར་བཙན་གཡེམ་བྱེད་མཁན་ནག་ཉེས་ཅན་ཚོ་ངེས་པར་དུ་བཙོན་ཁྲིམས་ཀྱི་ཉེས་ཆད་ལྕི་མོ་ཕོག་དགོས་པར་བཟོས་ཡོད།
དེ་སྔོན་དྲ་ལམ་ཁག་ནས་ཀྱང་དེའི་སྐོར་གཞན་ཕྱོགས་ཀྱི་དཔེ་མཚོན་འགའ་མཐོང་བྱུང། གཞུང་ལས་ཁང་དུ་ལས་བྱེད་བུད་མེད་ཅིག་ལ་ལས་རོགས་ཕོ་ཡིས་གནོན་ཤུགས་རྟག་ཏུ་འཕྲད་ཅིང། བུད་མེད་དེས་དུས་ཐོག་གནད་དོན་ཞི་འཇམ་ཡོང་བའི་དམིགས་ཡུལ་གཙོ་བཟུང་བྱས་པའི་རྐྱེན་གྱིས་གནས་སྟངས་མག་མོག་ཏུ་ལུས་པ་མ་ཟད། མཐར་ཐེངས་ཤིག་སྐྱེས་པ་གདུག་རྩུབ་ཅན་དེའི་ལག་འོག་ནས་ཐར་ཐབས་བྱུང་མེད། ཡང་བུད་མེད་ཅིག་ལས་ཁུང་གི་དཔོན་པོས་གཉའ་གནོན་བྱས་འདུག དཔོན་པོས་བུད་མེད་དེ་མལ་ཁྲིའི་ཟུར་དུ་བཙན་འདེད་ཀྱིས་མོ་ལ་བཙན་གཡེམ་བྱ་རྩིས་སྐབས་བུད་མེད་དེ་རང་ལ་ཉེན་སྲུང་གིས་འཕགས་འཚག་རྒྱག་ཀྱང་མཐར་ཕོ་ངན་དེའི་འདོད་དོན་ལ་སོང་འདུག གནས་སྟངས་དེ་དག་ནི་ཁྲིམས་རྩོད་པའི་མིག་ནང་ཆེས་མཐའ་ཤེལ་གྱི་རྩིང་སྤྱོད་ལ་ངོས་འཛིན་གསལ་པོ་ཡོད་། འོན་ཀྱང་དཔོན་ངན་དེ་ཚོའི་རིགས་ཀྱིས་བུད་མེད་དེར་དཔང་རྟགས་གང་ཡང་མེད་ལུགས་བརྗོད་དེ་དཔོན་པོ་དེ་ལས་གནས་གཞན་དུ་འཕོས་པ་ཙམ་གྱི་ཉེས་ཆད་བཏང་ནས་འགྲིག་ཆགས་བཟོས་འདུག
བུད་མེད་ཅིག་ཕ་ཡུལ་བསྡད་དུས་གློ་བུར་དུ་ཡུལ་མི་སྐྱེས་པ་རག་བཟི་ཞིག་ཁྱིམ་དུ་འཛུལ་ནས་མོ་ལ་བཙན་གཡེམ་བྱས་འདུག འོན་ཀྱང་དེ་རྗེས་ལག་དམར་བ་དེ་འཛིན་བཟུང་ཐུབ་པ་བྱུང་ཡོད་ཀྱང་དུས་དེ་ནས་བཟུང་གནས་སྟངས་མང་པོའི་འོག་བུད་མེད་དེ་ཕྱིར་ཕ་ཡུལ་གྲོང་གསེབ་ཏུ་ལོག་མི་ཕོད་པ་གྱུར་བ་མ་ཟད། ད་ལྟའི་དུས་སུའང་སེམས་ལ་རྨ་ཁ་ཟབ་མོ་གནས་འདུག
གཞན་ཡང་བུད་མེད་ཅིག་གིས་མོ་ལ་བཙན་གཡེམ་བྱ་རྩིས་ཡོད་པའི་གང་ཟག་དེ་ཁྲིམས་སུ་སྦྱར་ཐབས་བྱས་འདུག་ཀྱང། ཁྲིམས་ཀྱིས་མོ་རང་ལ་དཔང་རྟགས་གསལ་པོ་མེད་ལུགས་བརྗོད་དེ་མོ་རང་ཕམ་ཁར་གཡུག་པ་མ་ཟད། བུད་མེད་དེས་སེམས་པ་ཧ་ཅང་སྐྱོ་བཞིན་གྲོགས་མོ་གཞན་ལ་ངུ་བཤད་དང་བཅས། མོི་རང་ལས་ཁུང་དཔོན་པོ་དེས་ལོ་གཅིག་རིང་ཟུར་ཟ་དང་ཧམ་བཤད་བྱས་པའི་རྒྱུད་རིམ་བཤད་ཡོད། ལོ་གཅིག་གི་རིང་ལ་མོ་རང་གི་སེམས་ནང་འཐབ་རྩོད་ཀྱི་རྒྱུད་རིམ་སྣ་ཚོགས་བྱས་ཚུལ་དང། མཐར་སྤྱི་ཚོགས་ཀྱི་གླེང་སློང་ལ་ཁ་གཏད་གཅོག་བཞིན་དཔའ་ངར་བསྐྱེད་དེ་སྐྱེས་པ་དེ་ཁྲིམས་ལ་ཇི་ལྟར་སྦྱར་ཡོད་མིན་བཅས་བཤད་འདུག བུད་མེད་དེས་ད་དུང་གཞན་བུད་མེད་མང་པོ་ཡང་མོ་རང་དང་གཅིག་མཚུངས་ཀྱི་གྱ་གྱུར་ཆེ་བའི་བདེན་པ་དག་སེལ་གྱི་གོ་རིམ་བརྒྱུད་མྱོང་བའི་སྐོར་ཤེས་ཡོད་འདུག
དེ་བས་འཇིགས་སུ་རུང་བ་ནི་གཞན་གྱི་གཉའ་གནོན་མྱོང་བའི་གྲིབ་ནག་དུ་འཚོ་དགོས་པ་འདི་རེད། དེའི་རྐྱེན་གྱིས་བུད་མེད་ཀྱི་སེམས་ཁམས་མི་བདེ་བ་དང། མཐའ་ན་རང་ཤི་རྒྱག་མཁན་བྱུང་བའི་གནས་ཚུལ་དེ་དག་ནི་སེམས་ཕམ་དགོས་པ་རང་རེད། དེ་མིན་ཐེངས་འགར་བུད་མེད་ཁྲིམས་རྩོད་པས་ཀྱང་བུད་མེད་ལ་གཉའ་གནོན་དང་རྡོག་རོལ་ཕོག་པའི་གྱོད་དོན་ནང་དགེ་སེམས་མེད་ཅིང་ཁྲིམས་མཐུན་ལུགས་མཐུན་མིན་པའི་སྡུག་སྦྱོར་མྱོང་མཁན་གྱི་བུད་མེད་དེར་མཐའ་མིའི་ཐག་གཅོད་གཡོ་འཁྱོལ་ཞིག་གིས་མོའི་མ་འོངས་པ་སྡུག་ཚོར་ཆེན་པོས་འཚོ་དགོས་པར་བཟོས་ཅིང། བུད་མེད་དེས་རང་སྒེར་གྱི་ཟིན་བྲིས་སུ་ཡ་ང་བའི་མྱོང་བྱང་དེ་དག་གསལ་བཏོན་བྱས་འདུག
ཡང་གཞོན་ནུ་མ་ཞིག་གིས་མོའི་དགའ་རོགས་ཀྱིས་རྒྱུན་དུ་མོ་ལ་འདོད་པ་ཡོད་མེད་རྩ་བ་ནས་མི་ལྟ་བ་ལུས་འབྲེལ་གྱི་རེ་འདོད་བཏོན་པ་དེར་སུན་སྣང་ཆེན་པོ་སྐྱེས་པ་དང། དེ་ནི་རང་ལ་འདོད་པ་མེད་བཞིན་དུ་དགའ་རོགས་ཀྱིས་བཙན་གཡེམ་བྱས་པ་དང་གཅིག་པ་གཅིག་ཀྱང་རེད་ཟེར་གྱི་འདུག ཡང་དར་གཞོན་མ་གཞན་ཞིག་གིས་ཕོ་མོ་གཉིས་ཐུག་པ་ཙམ་གྱིས་ཕོ་མོ་འདོད་ཞེན་ཁོ་ན་དང་ལུས་ཕུང་གི་ཆགས་སྟངས་གཙོ་བཟུང་གི་བརྗོད་གཞི་ལས་གཞན་བཤད་རྒྱུ་མེད་པ་ལྟ་བུའི་གནས་སྟངས་དེར་རྙོབས་སྣང་སྐྱེ་ཡི་འདུག་ཅེས་དང། བུད་མེད་ལ་འདོད་མོས་མེད་བཞིན་དུ་དྲག་རྩུབ་སྣ་ཚོགས་ཀྱིས་བཙན་གནོན་ཕོག་པའི་གྱོད་གཞི་དེ་དག་ལའང་ཉམས་ཞིབ་བྱེད་མཁན་ནི་སྟོང་ཆ་ལྟ་བུར་ལྷག་ནས་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོར་བྱེད་ཐུབ་མེད་པར་ལུས་རེད།
བུད་མེད་རང་ངོས་ནས་གནས་སྟངས་གང་འདྲ་ལ་ཐུག་ཀྱང། རང་གི་ལུས་སེམས་གཉིས་ལ་འགན་སྲུང་ཡོད་ཐོག་སྤོབས་པ་དང་ལ་རྒྱ་ཡོད་པ་ཞིག་བྱེད་རྒྱུ་གལ་ཆེ་སྙམ། བུད་མེད་ལ་ཤ་ཚ་ཞིང་སྙིང་ཉེ་བའི་གང་ཟག་སྐྱ་སེར་ཕོ་མོ་གང་ན་སུ་མཆིས་ཚེ་ང་ཚོས་བུད་མེད་ནི་འཇིག་རྟེན་འདིར་སྤྲོ་བ་སྦྱིན་མཁན་ཡིན་ཞིང། ཁོང་མོ་རྣམས་ལ་དྲོད་སྐྱིད་ཀྱི་འཚོ་བའི་ཁོར་ཡུག་གང་བཟང་བཟང་ཞིག་སྐྲུན་ཐབས་བྱ་དགོས། དུས་མཚུངས་སུ་རང་གཞུང་གི་རྩ་ཁྲིམས་ནང་དུ་བུད་མེད་ཀྱི་ལུས་སེམས་གཉིས་ལ་སྲུང་བྱའི་དོན་ཚན་ཁྲིམས་སུ་འཁོད་དེ་བུད་མེད་ཀྱི་ཚེ་སྲོག་ལ་འགན་སྲུང་བྱ་དགོས་ལ། བུད་མེད་དང་འབྲེལ་བའི་སྡེ་ཚོགས་དང་ལས་ཁང། བུད་མེད་སྒེར་བཅས་ནས་ཀྱང་རང་གི་བཟང་པོའི་སྤྱོད་པ་མ་བོར་བའི་སྒོ་ནས་རང་གི་རང་ལ་སྤོབས་པ་སྦྱིན་པ་དང། བུད་མེད་ཡོངས་ཀྱི་དོན་དམ་གྱི་བདེ་སྐྱིད་ཀྱི་ཆེད་དུ་སྙིང་སྟོབས་བསྐྱེད་དེ་དཔའ་ངར་ཆེན་པོས་སྤྱི་ཚོགས་སུ་བདེ་དོན་བསྒྲུབ་པར་ཤེས་རབ་དང་བློ་གྲོས་ཀྱི་ཐབས་ལ་མང་ཙམ་འབད་པར་རིག།
