གཞུང་འབྲེལ་སྨོན་ལམ་མཆོད་འབུལ།

sange_2012_11_3ཁམས་འབྲི་རུ་རྫོང་ནག་རོག་ཕམ་པ་གྲོང་ཚོ་ཚེ་སྤོ་དང་། བསྟན་འཛིན། མདོ་སྨད་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོ་སྐེད་སྡེ་པ་ནས་ཡིན་པའི་ལྷ་མོ་ཚེ་བརྟན། མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་ནས་ཡིན་པ་ཐུབ་དབང་སྐྱབས་བཅས་ཀྱི་ཆེད་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག  ཁམས་འབྲི་རུ་རྫོང་ནག་རོག་ཕམ་པ་གྲོང་ཚོ་ཚེ་སྤོ་དང་། བསྟན་འཛིན་། མདོ་སྨད་བླ་བྲང་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོ་སྐེད་སྡེ་པ་ནས་ཡིན་པའི་ལྷ་མོ་ཚེ་བརྟན། མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཞང་ནས་ཡིན་པ་ཐུབ་དབང་སྐྱབས་བཅས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་སྟེ་མི་གསུམ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་སྟབས།2012_11_3_tibet

རྒྱལ་གཅེས་པ་ཁོང་རྣམ་པ་བཞིས་གཙོས་ད་བར་བོད་བསྟན་སྲིད་དང་མི་རིགས་ཀྱི་དོན་དུ། ལུས་སྲོག་ལོངས་སྤྱོད་བཏང་གནང་བའི་གཞིས་བཞུགས་རྒྱལ་གཅེས་པ་ཕོ་མོ་འདས་གསོན་ཡོངས་ཀྱི་ཆེད་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་སོང་།

མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་ཟུར་བྱ་དོར་རིན་པོ་ཆེ་མཆོག་དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཙོས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་དང་སློབ་ཕྲུག ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་སོང།  སྐབས་དེར་རྣམ་གྲྭའི་དགེ་བསྐོས་མཆོག་ནས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་དང་། དེ་ནས་སྲིད་སྐྱོང་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་བ་དང་། ཕྱི་དྲོ་ཆུ་ཚོད་༥ བར་སྨོན་ལམ་གསུང་འདོན་གནང་ཡོད་པ་རེད།

དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༥༠ རེ་ཕུལ་ཡོད་པ་རེད།