རིས་མེད་བྱེད་ན་ལག་ལེན་ཐུབ་པ་བྱེད་དགོས།
བཅོས་བསྒྱུར་རང་བཞིན་གྱི་བྱེད་ཐབས་ནི་མེད་ཐབས་མེད་པ་མ་ཟད་ད་ལྟའི་དུས་དང་ལྷག་དོན་ད་ལྟའི་དུས་ཀྱི་བོད་ལ་ཤིན་ཏུ་མཁོ། རེད་དེ་ཡོད་ཚད་བཅོས་བསྒྱུར་གྱི་ལམ་ཁར་བཙན་གྱིས་བརྫངས་ན་འོས་འཚམ་ཞིག་མིན་པ་མ་ཟད་གཡོན་ཐལ་ཆེ་བའི་བཅོས་བསྒྱུར་ལ་བརྟེན་ནས་ཆག་སྒོ་མགོ་ཐོག་ཏུ་མི་ལྷུང་བའི་ངེས་པ་ཡང་མེད་པ་གཏན་ནས་མིན།
ད་ལྟའི་བོད་ཀྱི་ཉམས་ཉེས་ལ་དཔག་ན། མེད་དུ་མི་རུང་བ་ནི་མཐུན་འབྲེལ་དང་མཉམ་གནས་ཐུབ་མིན་དེ་རྩ་བའི་ནང་གི་འགག་རྩ་ངོ་མ་དེ་རེད། ཡིན་དོན་ལྟར་གྱི་ཆེ་ཞྭ་ཁྱག་དང་ཆུང་ལྷམ་ཁྱག་སུ་ཡིན་ཀྱང་། ཆིག་སྒྲིལ་དང་འཆམས་མཐུན་གྱི་ཁ་གཡང་མི་བསྒྲོགས་མཁན་ཞིག་མེད་ཚོད་དུ་མངོན། འོན་ཀྱང་ལག་ལེན་དངོས་ལ་གཞོལ་ཞིག་འབབ་ན་ད་དུང་ཡང་ཆིག་སྒྲིལ་དང་འཆམས་མཐུན་ལ་ལག་ཐོགས་ཏེ་ཡོད་པ་ལས། ཇི་བཞིན་ལག་ལེན་བསྟར་མཁན་ཞིག་དཀོན་ཚོད་དུ་འདུག ལྷག་པར་ཆོས་ལུགས་ཀྱི་འཆམས་མཐུན་དང་རིས་མེད་ཟེར་རྒྱུ་འདི་ཚོ། ཁས་བཤད་པ་ཙམ་ལས་ལག་ལེན་གྱི་ཕྱོགས་ལ་ཁ་ཐག་རིང་མཐའ་ཐུག་ནས་ཡོད་པ་ནི་ཤེས་བྱ་སྤྱིར་བཏང་བ་ཞིག་ལས་རྣམ་དཔྱོད་དཀྲུག་དགོས་ཀྱི་གཞལ་བྱ་ཅི་ཡང་མ་རེད།
བོད་པའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་ཆོས་ལུགས་ཀྱི་འཆམས་མཐུན་ཁ་རལ་བས། མི་རིགས་གཞན་གྱི་ནང་དུ་ཡང་ནད་ཡམས་དེ་རིགས་ཁྱབ་བདལ་དུ་སོང་ནས་མི་རིགས་གཞན་དང་སྤྱི་ཚོགས་གཞན་གྱི་ལྷིང་འཇག་ལ་དོ་ཕོག་སོང་བ་དང་འགྲོ་རྐྱེན་ཡོང་ངོ་འདི་ཚོ། བོད་པའི་བླ་ཆེན་ཁག་དང་ཆོས་ལུགས་ཀྱི་ཆེད་ལས་མི་སྣ་དག་གིས་བོད་པའི་སྤྱི་ཚོགས་དང་མི་རིགས་གཞན་གྱི་སྤྱི་ཚོགས་ལ་འགན་མ་ཁུར་བར་རང་འདོད་ཀྱི་ཟློས་གར་འཁྲབས་ཐལ་ཆེ་བས་ལན་པ་རེད་པས་སླད་ནས་གཟབ་ཙམ་གནང་ན་སྙམ།
དེ་མིན་ཁ་ནས་འཆམས་མཐུན་དང་བྱང་ཆུབ་སེམས་མཆོག་སྐྱོར། ལག་ལེན་དང་སྦྱོར་བ་ལ་འཆམས་མཐུན་དང་བརྟན་ལྷིང་དཀྲོག་པའི་གཞི་ལས་མེད་ན། སྐྱ་མིན་སེར་མིན་སངས་རྒྱས་བསྟན་པའི་དགྲ་བོ་བཟོ་བ་ལས། སྐྱ་ཐག་ཆོད་ནས་དགྲ་འདུལ་གཉེན་སྐྱོང་གི་བྱ་ལས་ལ་བྲེལ་ན་འོས་འཚམ་ཆེ་བས་དེ་ལུགས་མཛོད་ཅེས་པའང་སྙིང་ནས་བསྐུལ་བ་ཡིན།
བྱང་ལ་དྭགས་ན་དགེ་འབྲུག་བར་གྱི་འགལ་ཟླ། ལྷོ་འབྲུག་ཡུལ་ན་རྙིང་འབྲུག་བར་གྱི་རྩོད་རྙོག་སོགས་ཚང་མ་བོད་པའི་ཆོས་ལུགས་བཅོས་བསྒྱུར་གྱི་བྱ་ངན་དེས་བསྐྱེད་ཅིང་སློང་བ་རེད་པས། བོད་མི་ཡོངས་ཀྱི་གྲལ་མགོ་ནས་ཁ་མར་ལ་འཁོར་ཞིང་། ཁ་འོ་ཞོ་དང་འབྲལ་ཐབས་མེད་ཅིང་། ལུས་དར་ཟབ་ཀྱི་སྦུག་ན་སྐྱིད་ཉལ་གནང་བའི་བླ་ཆེན་པོ་དག་གིས་འདིའི་ཕྱོགས་ལ་དགོངས་དཔྱོད་ཅིག་གནང་བའང་ཅིས་ཀྱང་ཐུགས་ནས་མི་འདོར་བ་མཁྱེན།
ད་དུང་དེའི་མི་ཚད་ལུང་པ་གཞན་དང་རྒྱལ་ཁབ་གཞན་དུའང་དོལ་དགེ་བར་གྱི་རྩོད་རྙོག་སོགས་བོད་ཀྱི་ནང་ཆོས་དང་འབྲེལ་བའི་རྩོད་རྙོག་ནི། སྤང་མེ་བཞིན་མཆེད་ཅིང་འབར་བས། འུ་ཚོའི་ནང་ཆོས་ཀྱི་མིའི་རྒྱུད་ལ་བཞག་པའི་བག་ཆགས་ནི། འཁོན་སེམས་དང་འགྲན་རྩོད་ཕྲག་དོག་དང་འཐབ་འཛིང་ལས། ཞི་བདེ་དང་ཐར་པ་ལྟ་ཅི། ཆོས་ལུགས་དེ་ཡི་རྩ་བའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཤེས་པའི་བློ་ཙམ་ལ་བསྐྱེད་ཐོན་གྱི་ཡོད་ཚོད་མི་འདུག་པས། བོད་རྒྱུད་ནང་བསྟན་ཆོས་ལུགས་ཟེར་བ་འདི་མི་རིགས་གཞན་གྱི་འཇིག་རྟེན་དུ་དར་སྤེལ་གཏོང་བའི་དགོས་པ་དེ་ཙམ་དུ་ཟད་པ་ཨེ་ཡིན་ན་སྙམ།
ལར་ནས་ནང་ཆོས་རང་གི་དགོངས་དོན་ལྟར་ན། མི་རིགས་ལ་རིས་གཅོད་མེད་པར་ཀུན་ལ་མ་ཤེས་དྲིན་དྲན་གྱིས་མཚམས་སྦྱར། ཆོས་ལུགས་ལ་རིས་གཅོད་མེད་པར་རང་གཞན་གྱི་གྲུབ་མཐའ་སུ་ལའང་མི་སྨོད་པའི་དམ་ཚིག་དང་ལ་རྒྱ་ལ་གནས་དགོས་པ་ལས། ཆོས་ལུགས་གཞན་གྱི་སྲོལ་འཛིན་བླ་མ་ལ་སྨོད་ཅིང་། མཚོན་བྱེད་ཁྱད་ཆོས་ལ་སྨོད་ནས་ཆོས་ལུགས་བསྒྱུར་བཅོས་ཀྱི་ལས་གཞི་བརྩམས་པ་ནི། ཞི་བདེ་དང་རིས་མེད་ཀྱི་ཁ་ཤ་ཚོས་པའི་བྱང་སེམས་རློན་པ་དག་གི་གནང་སྟངས་ཤིག་དང་མི་འདྲ་བར། སྔ་མོ་དྲག་ཤུགས་ཀྱི་དཔུང་ལ་བརྟེན་ནས་དབུ་གྱུར་གྱི་བསྟན་པ་སྣུབ་པའི་ཁ་ཆེ་དུར་ཁའི་བྱེད་ཐབས་དང་འདྲ་བ་ལ་ཨང་།
ལྷག་པར་ནང་ཆོས་ཀྱི་བསྐྱེད་བསྲིངས་བྱས་ཤིང་ནང་ཆོས་ཀྱི་ཁོར་ཡུག་ནས་ལག་ཆགས་པའི་སྐྱེས་ཆེན་དམ་པར་འཆེས་པ་དག་ནི། ཐོས་རྟགས་ཞི་ཞིང་དུལ་བ། སྒོམ་རྟགས་ཉོན་མོངས་ཆུང་བ། འཁོན་པ་འདུམ་ཞིང་ཞི་དུལ་དྲང་པོ་སྨྲ་བའི་ལམ་ཆེན་དེར་ཤར་འདེད་དགོས་པ་ལས། ཕོ་གྱོད་ཕ་བང་ལ་རྒས་མེད་དང་། མོ་གྱོད་ཤུག་པ་ལ་རུལ་མེད་ཀྱི་གཏན་ཚིགས་སྙིང་ལ་བཟུང་ནས། འཇིག་རྟེན་རང་དགའ་བའི་སྔ་གྱོད་ད་འཁོན་གྱི་ཟླ་ལ་ཤོར་ན། ཕོ་མ་བྱས་པ་དང་། ལ་མ་དག་པ་ལས། དམ་པ་ལྷ་ཆོས་ཀྱི་ངོ་ཐད་ནས་དགོངས་གཞི་དགོས་པ་རྩལ་དུ་མེད་པས་ཨོ་ཟོབ་ཀྱི་ཕག་ནས་འཇིག་རྟེན་གྱི་ཤ་འཁོན་མི་རྩོད་པར། དག་སྣང་དང་རིས་མེད་ཀྱི་བརྡ་དོན་དོན་དང་འབྱོར་བ་ལ་ངལ་བ་ཤ་ཐང་གིས་བསྐྱེད་དགོས་པའང་དུས་ཀྱིས་གཏུགས་པ་དང་བབ་ཀྱིས་བྱུང་བ་མིན་ནམ་སྙམ་མོ།