༄༅ མིག་ཆུའི་ཁྲོད་ནས་ཤུགས་རིང་།

སྐྱོ་ཤས་ཐང་ཆེན་རིང་མོའི་ལྷོ་ལམ་ན།།

ཀུན་རྟོག་ངོས་སུ་རྡུར་རླུང་ནག་པོ་འཁྲིགས།། 

དུས་བཞིའི་འགྱུར་ལྡོག་སྟོང་གི་ཁུགས་སོ་ན།།

དཀའ་སྡུག་ལོ་རྒྱུས་འཁྲེགས་པོས་སེམས་ཁམས་དཀྲུགས།།

 

གངས་རིའི་ལས་དབང་འཐོར་བའི་ང་དགུའི་ལོ།།

སྤུན་ཟླའི་ཁྱིམ་གཞི་ལྷགས་པས་ཡང་ཡང་ཟོས།། 

མིག་ཆུའི་ཆིག་ཤད་བྲིས་པའི་ལོ་རྒྱུས་ཁྲོད།། 

འདས་སོང་ཕྱི་མིག་ནག་པོ་སེམས་ལ་ལྷུང་།།

 

བརྩེ་བའི་དཔུང་རྡང་བུ་ཡུག་ནག་པོས་ཟོས།།

  དྲང་བདེན་གསལ་བའི་རི་མོ་ཧོབ་ཀྱིས་བསུབས།།

འཆི་གསོན་བར་ན་ཁྲག་གིས་ལེ་ཚན་བསྐྲུན།།

འཇིགས་རུང་རྔམ་ཁའི་ཀློང་ན་སེམས་ཚོར་ལྕི།།

 

སྒྲོན་མེ་མེད་པའི་མུན་པའི་འོག་རིམ་ན།། 

ཉི་ཟླ་བཞུར་བའི་ཤུལ་ལམ་སྐྱ་མོ་ན།།

ང་དགུའི་གསོན་ཁྲག་བཞུར་བའི་སྣང་བརྙན་དེ།།

དབུས་ཕྱོགས་གཙང་བོའི་འགྲམ་ན་ད་དུང་གསལ།།

 

མེས་པོའི་ཁ་ཆེམས་ལོ་རྒྱུས་ཁྲོད་ན་གསལ།། 

དཔའ་བོའི་སྙིང་སྟོབས་གཙང་བོའི་གཞུང་ནས་བཞུར།།

ལོ་རྒྱུས་གསར་རྙིང་གཉིས་ཀྱི་ཁུགས་སོ་ན།།

སྐྱོ་ཤས་འཚོ་བའི་ཁྲོད་ནས་རེ་སྒུག་བརྩེགས།། 

 

བཞུགས་སྒར་རྡ་རམ་ས་ནས་གསེར་རྟ་བསོད་ནམས་ཕུན་ཚོགས་སམ་

དཔལ་ཤུལ་འབྲོང་སྲས་སུ་འབོད་པས་སུག་བྲིས་སོ།།  ༢༠༡༢  ༡༡ ༢