འདས་པོའི་ཞལ་ཆེམས་དང་གསོན་པོའི་རེ་བ་མུ་འགོད།
ཉེན་སྔོན་ཁོ་བོས་བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༥༣ དགུ་འགྲུབ་ལགས་ཀྱི་བར། ཞལ་ཆེམས་དང་སྐད་འབོད་ཟིན་བྲིས་ནང་བཏང་ཟིན་པ་ཡིན། ཁོང་ནས་བརྩིས་ནས་ད་ལྟའི་སྐབས་རང་ལུས་མེར་སྲེག་གནང་མཁན་ ༦༢ པ་ཐུབ་དབང་སྐྱབས་ལགས་ཀྱི་བར། ཞལ་ཆེམས་དང་འབོད་སྒྲ་ཁོ་བོས་གང་རྙེད་སོན་བྱུང་བ་རྣམས་མུ་འགོད་ཞུ་རྒྱུ་ཡིན་། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་༦ ཉིན་ཨ་མདོ་ཀན་ལྷོ་གཙོས་གྲོང་ཁྱེར་དང་མི་རིང་བའི་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ། རྒྱལ་གཅེས་དཔའ་བོ་ན་གཞོན་སངས་རྒྱས་རྒྱ་མཚོ་ལགས་ཀྱིས་
རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་སྐབས་”༸སྐྱབས་མགོན༸་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས་པ་དང་། བོད་ལ་སྐད་ཡིག་དང་ཆོས་དད་རང་དབང་དགོས”བཅས་སྐད་འབོད་གནང་འདུག
ཕྱི་ལོ༢༠༡༢ ལོའི་ཟླ་༡༠ ཚེས་༢༠ ཉིན་རང་ལོ་༢༧ ཡིན་པའི་རྒྱལ་གཅེས་དཔའ་བོ་ལྷ་མོ་སྐྱབས་ལགས་ཀྱིས། དགོན་པའི་གཡས་ངོས་དང་ཐག་མི་རིང་བའི་འབོ་ར་མདོ་སྡེ་བའི་མདུན་ཕྱོགས་ནས་རང་ལུས་ལ་མེར་བསྒྲོན་ཏེ་ཀི་རིང་ཞིག་དང་བཅས་”བོད་ལ་རང་བཙན་དགོས། པཎ་ཆེན་རིན་པོ་ཆེ་བཙོན་ནས་གློད་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས།” ཞེས་ངར་སྐད་རྒྱག་ཞོར་མུ་མཐུད་དུ་མགོ་ལ་སྣུམ་བླུགས་ནས་དགོན་པའི་སྨན་ཁང་ཞིག་ཡོད་པའི་ཐད་དུ་སླེབས་ལ་ཉེ་བ་ན་སར་འགྱེལ། སླར་ཡང་སྙིང་སྟོབས་ཆེན་པོས་ཡར་བཞེངས་ཞིང་། ལག་ཐལ་མོ་སྦྱར་ཏེ་སྐད་འབོད་གཞན་ཅི་ཡང་མ་བྱས་པར “༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན། རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན།” ཞེས་ཕྱིར་འཁོར་ནས་སྐོར་སྲུང་ཉེན་རྟོག་པའི་རླངས་འཁོར་ཕྱོགས་སུ་གོམ་འགའ་རྒྱུགས་མཚམས་སུ། “བོད་རང་བཙན་ཐོབ་པར་ཤོག” ཅེས་སྐད་འབོད་གནང་ཡོད།
ཕྱི་ལོ༢༠༡༢ ཟླ༡༠ ཚེས༢༢ ཉིན། རང་ལོ་༦༠ ནང་ལ་སོན་པའི་རྒྱལ་གཅེས་དཔའ་བོ་དོན་གྲུབ་ལགས་ནས་སྐུ་ལུས་མེར་བསྲེགས་གནང་སྟེ། རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གྱིས་”༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས”ཞེས་སྐད་འབོད་གནང་འདུག
ཕྱི་ལོ ༢༠༡༢ ཟླ་ ༡༠ ཚེས་ ༢༥ ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ནག་རོག་ཕམ་པ་གྲོང་ཚོ་ནས་ཡིན་པ། རང་ལོ་ ༢༠ ཡིན་པའི་ཚེ་སྤོ་དང་། ༢༥་ཡིན་པའི་བསྟན་འཛིན་གཉིས་ཀྱིས་ནག་རོག་ཕམ་པ་གྲོང་ཚོའི་རུ་ཁག་གཉིས་པའི་སློབ་གྲྭའི་ཉེ་འགྲམ་དུ། “བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་མི་ཚང་མ་སྤུན་མཆེད་ལྟར་ཆིག་སྒྲིལ་གནང་རོགས”་ཞེས་སྐད་འབོད་གནང་འདུག
ཕྱི་ལོ ༢༠༡༢ ཟླ ༡༠ ཚེས ༢༦ ཉིན། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་ལྷ་སྡེའི་གྲས་ཀྱི་ཨ་མཆོག་ཡུལ་ཚོའི་བོད་པ་རང་ལོ་ ༢༤ ལ་སོན་པ་རྒྱལ་གཅེས་དཔའ་བོ་ལྷ་མོ་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་སྐབས་སྐད་ཤུགས་ཆེན་པོས། “རྒྱལ་བ་རིན་པོ་ཆེ་བོད་ཡུལ་ལ་ཕེབས་དགོས། བོད་ལ་རང་དབང་དགོས་”ཞེས་སྐད་འབོད་གནང་འདུག
ཕྱི་ལོ ༢༠༡༢ ཟླ ༡༠ ཚེས ༢༦ ཉིན ་དེ་རང་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༨ པ་ཙམ་ལ་མདོ་སྨད་བླ་བྲང་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོ། རང་ལོ་ ༢༡ ཡིན་པའི་རྒྱལ་གཅེས་ཐུབ་དབང་སྐྱབས་ལགས་ཀྱིས་བསང་ཁོག་ཡུལ་ཚོའི་ཀུང་ཧྲེ་རྙིང་པའི་རླངས་འཁོར་འབབ་ཚུགས་སུ་”རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་བྱེད་དུ་འཇུག་དགོས། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་གིས་གཙོས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས “ཞེས་སྐད་འབོད་གནང་ཡོད་པ་རེད།