ཉམས་ཞིབ་སློབ་མའི་མཆོད་འབུལ།

ཟླ་འདིའི་ཚེས་༤ ཕྱི་དྲོ་ཝ་ཎ་མཐོ་སློབ་ཀྱི་མཆོད་རྟེན་མདུན་དུ། བོད་མིའི་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་སློབ་མ་རྣམས་ཀྱིས། བོད་ནང་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱུང་བར་བསྔོ་སྨོན་མཆོད་འབུལ་ཞིག་འཚོགས་ཡོད་པ་རེད།

དེ་ཡང་ས་གནས་ནས་ཨ་རིག་འགྱུར་མེད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་ནས་ཟླ་འདིའི་ཚེས་ ༤ ཉིན་བར་ཝཱ་ཎཱ་མཐོ་སློབ་ཏུ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག སྒྲིག་ཞུགས་མིན་པའི་ཉམས་ཞིབ་སློབ་མ་རྣམས་ལ་ “ཉམས་ཞིབ་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་” ཞིག་སྤྲད་ཡོད་ལ། ཟླ་འདིའི་ཚེས་༤ ཉིན་མདོ་སྨད་རེབ་གོང་ཆུ་མ་སྡེ་བརྒྱད་ཚོ་དགུའི་གླུ་གཤོང་སྡེ་བའི་རྒྱལ་གཅེས་དཔའ་བོ་ལྷུན་འགྲུབ་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་བ་ཐོས་འཕྲལ། ཟབ་སྦྱོང་གི་ཚོགས་ཐུན་གཉིས་པ་འགོ་འཛུགས་སྐབས་ཐོག་མར་རྒྱལ་གཅེས་དཔའ་བོ་ཁོང་ལ་དུས་ཡུན་སྐར་མ་གཅིག་རིང་མྱ་ངན་ངག་བཅད་ཞུས།

དེ་རྗེས་ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ལ་ཐེངས་འདིའི་ཉིན་བརྒྱད་རིང་གི་ཟབ་སྦྱོང་མཇུག་གྲུབ་རྗེས། ཉམས་ཞིབ་པ་རྣམས་ཝཱ་ཎཱ་མཆོད་རྟེན་འགྲམ་དུ་ཕྱིན་ཏེ། མཆོད་མེ་བརྒྱ་མཆོད་གཉིས་ཕུལ་ཏེ་བསྔོ་སྨོན་སྐྱབས་མཇུག་དང་མ་ཎི་གསོག་འདོན་བྱས་པ་མ་ཟད། འཁོར་ལྔ་སྡེའི་མདུན་དུ་བརྒྱ་མཆོད་གཉིས། བོད་དགོན་པར་བརྒྱ་མཆོད་གཅིག་དང་མཆོད་འབུལ་སྨོན་ལམ་ཆེད་ཧིན་སྒོར་ ༡༠༠༠ ཕུལ་བ་བཅས་རྒྱལ་གཅེས་དཔའ་བོ་རྡོ་རྗེ་ལྷུན་འགྲུབ་ལགས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་དང་པོ་བསྐོར་བའི་གནས་ཁྱད་པར་ཅན་འདིར་བསྔོ་སྨོན་གནང་ཡོད་འདུག །