རྒྱུད་སྟོད་གྲྭ་ཚང་གི་མཆོད་འབུལ།
དེ་ཡང་ཟླ་༡༡ ཚེས་༤ ཉིན་བཞུགས་སྒར་དྷ་སའི་ཉེ་འདབས་སུ་ཡོད་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་བོད་ནང་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ། རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད།
དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་ཆོ་གའི་སྒོ་ནས་མཆོད་འབུལ་སྨོན་ལམ་ཟབ་རྒྱས་ཞིག་གནང་སོང་།
སྨོན་ལམ་གྱི་ཚོགས་མགོན་དུ་རྒྱུད་སྟོད་མཁན་རིན་པོ་ཆེ་ལོ་དགོན་སྤྲུལ་སྐུ་བསྟན་འཛིན་ཆོས་བཟང་ དང་། དབུ་བླ་ཐུབ་བསྟན་བསྟན་འཛིན་རྣམ་གཉིས་ཀྱི་གཙོས། རྒྱུད་སྟོད་གྲྭ་ཚང་གི་འདུས་མང་ཡོངས་དང་། བཙུན་དགོན་འཇམ་དབྱངས་ཆོས་གླིང་དང་སྒྲོལ་མ་གླིང་གི་བཙུན་མ། དེ་བཞིན་ནོར་གླིང་ཉེ་འཁོར་གྱི་སེར་སྐྱ་མི་མང་འདུ་འཛོམས་ཀྱིས། བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རྩ་ཆེའི་རང་སྲོག་མཆོད་མེར་འབུལ་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་དང་། གཞིས་བཞུགས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་བདག་འཇུག་གི་ཆོ་གའི་སྒོ་ནས་མཆོད་འབུལ་སྨོན་ལམ་གནང་སོང་ལ།
དེ་བཞིན་མཆོད་འབུལ་སྨོན་ལམ་གསུང་མཁན་དེར་ཡོད་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་དང་གསོལ་ཇ། མི་མང་ལ་ཉིན་གུང་ཞལ་ལག་བཅས་གྲྭ་ཚང་ནས་ཕུལ་སོང་།།
