གྲོང་གསེབ་ནས་མཐོང་བའི་ཉམས་བཞིན་པའི་སྐྱབས་བཅོལ་བ།
དེ་རིང་ཁྱེད་ཅག་དང་མཉམ་དུ་བགྲོ་གླེང་ཞིག་བྱེད་འདོད་པ་དེ་ནི། བོད་དོན་དེ་ཛ་དྲག་ཅན་དུ་འགྱུར་
བཞིན་པ་དང་མཉམ་དུ་བོད་མི་སྐྱབས་བཅོལ་བའི་གནས་སྟངས་དེ་དག་གླེང་བས་འདོད། བོད་ནས་
འདི་ལྟར་དུ་རང་ལུས་མེ་རུ་བསྒྲོན་སོང་། ཡིན་ན་ཡང་ས་འདི་ནས་ང་ཚུད་པའི་ས་གནས་འདིར་སྡོད་པའི་
བོད་མི་ཚང་མས་ད་བར་དུ་ང་སླེབས་ནས་ལོ་ངོ་གཅིག་ཙམ་འགྲོ་བཞིན་ཡོད་ཀྱང་བོད་ནང་གི་གནས་སྟངས་ལ་དཔག་པའི་མར་མེ་ཁྲོམ་སྐོར་ཙམ་ཡང་མཐོང་མྱོང་མེད་།
ངས་མདུང་དགོང་མལ་དུ་ཉལ་ཚར་རྗེས་བསམ་མནོ་མང་པོ་བཏང་བ་ཡིན། ཡིན་ན་ཡང་། གཞི་ཆགས་འདི་གཅིག་པུ་མ་རེད། གཞི་ཆགས་མང་ཆེ་བའི་ནང་དུ་ལས་འགུལ་སྤེལ་ཟེར་བ་དེ་ཉུང་ཤོས་སུ་ཆགས་ཡོད་པ་ལྟ་བུ་ཞིག་ཏུ་ཚོད་དཔག་བྱེད་ཐུབ་པ་ལྟ་བུ་ཞིག་ཏུ་མངོན་ཡོང་བར་འདུག གལ་ཏེ་ལས་འགུལ་གཅིག་ཀྱང་མ་སྤེལ་ན། བོད་དུ་ཕར་ལོགས་སོང་བ་ཡིན་ན། འཚོ་བ་ནི་དེ་ལས་ཡག མི་ཡི་སེམས་ཁམས་ལ་དཔག་པའི་འཁོར་ཡུག་མི་དགོས་ན། ཟ་ཉལ་འགྲོ་འདུག་ཙམ་གྱི་འཁོར་ཡུག་ནི་རྒྱ་མིས་ཀྱང་བཀག་མེད་ལ། ང་ཚོ་འདི་ན་འདུག་དགོས་དོན་ཅི་ཡང་མེད། ལོ་སྔོན་མའི་ནང་གི་ཚོགས་པ་ཁ་ཤས་ཀྱི་ལོ་འཁོར་ལས་བསྡོམས་ལ་བལྟས་ན་ཡང་ས་འདི་ནས་ལས་འགུལ་སྔོན་ཆད་ག་ཙམ་སྤེལ་བ་དེ་ཤེས་ཐུབ་པ་ཞིག་རེད། དེ་ནི་ཚང་མས་ལས་བསྡོམས་སྐབས་ལོ་གཅིག་གི་ནང་ལས་སྡོམ་གཅིག་ཀྱང་བྱེད་རྒྱུ་ནས་མེད་ནས་ངོ་གནོང་དགོས་པའི་གནས་ཚུལ་བྱུང་བ་དེ་ཡིས་ར་སྤྲོད་གསལ་པོ་བྱེད་ཐུབ་པ་རེད། ཡིན་ན་ཡང་ངས་འདི་ནས་བསམ་མནོ་གཅིག་ཀྱང་མ་བཏང་བར་ཁ་ནས་གང་བྱུང་དུ་བཤད་པ་མིན། དེ་ནི་ང་རང་ཡང་ས་འདིར་མི་མངས་ཀྱི་གྲས་སུ་ཡོད་པ་དང་། ང་རང་གིས་ཀྱང་ཁྱེད་རང་ཚོ་བཞིན་དུ་ལས་འགུལ་གཅིག་ཀྱང་སྤེལ་མེད་ལ། ལས་འགུལ་ཟེར་བ་དེ་དངུལ་གྱི་འགྲོ་སོང་དང་། འགྲོ་སོང་དེ་བསྒྲུབ་པ་དང་། ད་དུང་ཆབ་སྲིད་ལ་དོ་སྣང་མེད་ས་ལ། མི་མང་རྣམས་སྐད་བཏང་བ་ཙམ་གྱིས་ལས་འགུལ་ནང་དུ་མཉམ་ཞུགས་བྱེད་རོགས་བྱེད་ཀྱིན་མི་འདུག དེ་དག་ལ་བརྟེན་ནས་ལས་འགུལ་གྱི་འགོ་ཁྲིད་མཁན་ཚོ་ལ་ཡང་དཀའ་ངལ་མང་པོ་ཡོད། ཡིན་ན་ཡང་། དཀའ་ངལ་དེ་གདོང་ལེན་མི་ཐུབ་ས་ཞིག་ཏུ་བརྩིས་དེ་ནམ་ཡང་འགུལ་བསྐྱོད་མེད་ན། བོད་དོན་བདེན་མཐའ་གསལ་བའི་ཆེད་དུ་ང་ཚོ་སྐྱབས་བཅོལ་དུ་བསྡད་ནས་ནམ་ཞིག་རྒྱལ་ཁ་ཐོབ་པ་བྱེད་རྒྱུ་ཡིན་ཟེར་བ་དེ་ཡང་རྫུན་དང་འདྲེས་མ་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་པ་ཞིག་རེད། རྒྱུ་མཚན་དེ་དག་ལ་བསམ་མནོ་ཞིབ་ཏུ་བཏང་ནས་ང་རང་ཐེ་བའི་ས་འདིར་སྡོད་ཀྱི་བོད་མི་དག་དང་། ད་དུང་ས་ཁུལ་གཞན་དག་གི་གཞི་ཆགས་ཁག་རྣམས་སུ་འདི་འདྲ་བ་མང་པོ་ཡོད་པ་གསར་ལམ་ཁག་ནས་སྣེ་ཟུར་རེ་མངོན་ཡོང་བཞིན་པ་ཁག་གིས་ཀྱང་རྒྱལ་སྤྱིའི་ཐོག་ཏུ་ནུས་པ་ཐོན་ཐུབ་པའི་ལས་འགུལ་དེ་འདྲ་སྤེལ་ཐུབ་ཀྱིན་མེད་ཀྱང་། གཞི་ལུས་རྒྱ་ཆེ་མི་མང་གྱི་དཀའ་སྡུག་ལ་གདུང་བའི་སེམས་པ་མཉམ་དུ་བསྐྱེད་བཞིན་ཡོད་པའི་རྣམ་པ་ཞིག་སྟོན་དགོས་པའི་དུས་ཚིག་དེ་ད་ལྟ་ཤར་ནས་ཡོད་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་རན་འདུག
ད་ལྟ་ང་ཚོས་ལས་འགུལ་སྤེལ་མ་ཐུབ་ན་ཕྱིས་ནས་རེ་བ་ཆེན་པོ་ཞིག་བརྒྱབ་ནས་འདུག་ས་དངོས་གནས་མཐོང་གིན་མི་འདུག རྒྱུ་མཚན་ནི་སྔོན་ཆད་ཀྱི་སློབ་སྦྱོང་བྱེད་མཁན་གྲངས་འབོར་དང་སྤུས་ཀ་དང་ད་ལྟ་ལྷག་ཡོད་ཡོད་པའི་སློབ་མའི་གྲངས་འབོར་སོགས་ལས་ཧ་གོ་ཡོང་རྒྱུ་ཡོད་པ་དེ་ལས་ང་ཚོ་ལ་གང་ཞིག་དང་ཅི་ཞིག་གསལ་སྟོན་བྱེད་བཞིན་ཡོད་པ་གསལ་པོར་ཆགས་ཡོད། རྒྱལ་ཁབ་དང་མི་རིགས་སུ་ལ་ཡིན་ན་ཡང་སློབ་མའི་སྤུས་ཚད་དང་གྲངས་འབོར་གཉིས་ཉུང་རུ་གནོན་ཤུགས་རང་ཤུགས་ཀྱིས་སོང་བ་ཡིན་ན་ད་ནས་བརྩིས་པའི་ལོ་བཅུ་ཡི་མཚམས་སུ་ང་ཚོའི་སློབ་གྲ་ཁག་དང་ལས་ཁུངས་ཀྱི་མི་སྣ་སོགས་ཀྱི་གནས་སྟངས་ག་འདྲ་ཞིག་ཆགས་རྒྱུ་ཡིན་པ་ཧ་གོ་དགོས། དཔེར་ན། སུ་ཇ་སློབ་གྲའི་སློབ་མ་སྔོན་མ་ཉིས་སྟོང་བརྒྱད་ལོ་ཡིན་ན་སུམ་སྟོང་ལྷག་ཅིག་ཡོད་ཅིང་། ད་ལྟའི་གནས་སྟངས་ལ་བསམ་ན་སློབ་མ་གཅིག་སྟོང་ལྔ་བརྒྱ་ཙམ་ལས་མ་ལྷག་མེད་ལ། དེ་བཞིན་དུ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཉིས་སྟོང་བརྒྱང་ལོ་སློབ་མའི་གྲངས་འབོར་བརྒྱད་བརྒྱ་དང་། ད་ལྟའི་གྲངས་འབོར་སུམ་བརྒྱ་ལས་ལྷག་མེད། ཁྱོན་ཡོངས་ཀྱི་སློབ་གྲ་དག་གི་ནང་གི་སློབ་མའི་གྲངས་ལ་འདི་ལྟར་འགྱུར་འགྲོས་གྱིས་རྩིས་གདབ་ནས་ཡོང་བཞིན་ཡོད། དེས་ན་འདི་ནས་བརྩིས་པའི་ལོ་ལྔའི་རྗེས་སུ་སློབ་གྲ་འདི་དག་གི་ནང་དུ་སློབ་མ་ག་ཙམ་ལྷག་ཡོད་ན། འདི་དག་གིས་སྐྱེན་པས་ང་ཚོའི་བོད་སྐྱབས་བཅོལ་བའི་ཕྱི་ཕྱོགས་ཀྱི་སྒྲིགས་འཛུགས་འདི་དག་རིམ་བཞིན་རི་ཉིལ་བ་བཞིན་དུ་ལུག་ཡོང་གིན་ཡོད་པ་ཡང་ལོ་ལྔ་དང་བཅུ་ཡི་རྗེས་སུ་བལྟས་ན་ཤེས།
སྤྱིར་རྒྱལ་ཁབ་སུ་ཞིག་གི་སྲིད་འཛིན་ཡིན་ན་ཡང་མང་ཆེ་བ་དེ་དག་ལོ་ལྔའི་རྗེས་སུ་འཕོ་འགྱུར་འགྲོ་བཞིན་ཡོད་ལ། ཡིན་ན་ཡང་སྲིད་འཛིན་ཁ་ཤས་ནས་རང་གི་ནུས་པ་ཆ་ཚང་བ་དེ་ལོ་ལྔའི་ནང་བཏོན་ཐུབ་ཀྱིན་མེད། དེ་བཞིན་དུ་ང་ཚོས་སྲིད་སྐྱོང་ལ་ཡང་ལོ་ལྔའི་འཆར་གཞི་ཞིག་བསྒྲིགས་ནས་དེ་ལོ་ལྔའི་མཚམས་སུ་ཚར་བ་དང་མཉམ་དུ་ལས་གནས་ལས་དགོངས་པ་ཞུ་རྒྱུ་ཞིག་བྱས་ནས་མུ་མཐུད་དུ་སོང་བ་ཡིན་ན། ལོ་བཅུ་དང་ཉི་ཤུ་ཡི་འཆར་གཞི་ཟེར་བ་ཞིག་ཡེ་ནས་མེད་པ་ཆགས་པ་དང་། དེ་བཞིན་དུ་སློབ་མའི་གྲངས་ཀ་ཡང་རྫོགས་ནས་དགེ་རྒན་དག་གི་ལས་ཀ་ཤོར་ནས་འཚོ་གོས་ལ་དཀའ་ངལ་འཕྲད་པ་དང་། དེ་བཞིན་དུ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་གི་ལས་ཁུངས་ནང་དུ་རིམ་གྱིས་ལས་བྱེད་པ་གསར་པ་མེད་པར་ཆགས་ཤིང་། ཕྱི་རྒྱལ་ལ་འགྲོ་ཐུབ་མཁན་རྣམས་སོང་ཟིན་པའི་རྗེས་ནས་བོད་ཀྱི་མགྲིན་ཚབ་པ་དག་དང་། བཙན་བྱོལ་བོད་མའི་སྒྲིགས་འཛུགས་ཟེར་བ་དེ་ཡི་ལོ་རྒྱུས་ཟེར་བ་དེ་ཡང་དེ་ནས་མཇུག་རྫོགས་པ་རེད་ཟེར་ནས་ལོ་རྒྱུས་ལ་བཀོད་དགོས་པའི་ཉི་མ་དེ་ཤར་བ་དང་མཉམ་དུ་རྒྱ་གར་གཞི་ཆགས་རྣམས་རྒྱ་གར་བ་དང་། བལ་ཡུལ་གྱི་མི་སེར་རྣམས་བལ་ཡུལ་བ་དང་། བོད་ནང་དུ་ཡོད་པ་རྣམས་རྒྱ་ནག་བ་ཞིག་ཆགས་པ་དང་མཉམ་དུ་རྒྱ་བོད་ཀྱི་འཐབ་རྩོད་དེ་ཡང་མཇུག་རྫོགས་སོ།
ངས་འདི་དག་གི་སྐོར་ལ་བསམ་བློ་མང་ཙམ་བཏང་བ་ཡིན། ཡིན་ན་ཡང་སློབ་གྲ་ཚད་ལྡན་འགྲོ་མྱོང་མེད་མཁན་ཞིག་དང་། ཆབ་སྲིད་ལ་རྒྱུས་མེད་མཁན་ཞིག་ལ་མཚོན་ན་རྙོགས་འཛིངས་རི་ལུག་པ་ལྟ་བུའི་ཛ་དྲག་ཅན་འདི་དག་ཤེས་རྒྱ་ཆུང་བ་བདག་ལྟ་བུ་ཞིག་གིས་ཤེས་ཚད་ཀྱི་ཐག་པས་སྡོམ་ཐུབ་དཀའ་བས། ནང་སྲིད་ཀྱི་སྐོར་ལ་བསམ་མནོ་མང་ཙམ་གཏོང་རྒྱུ་གལ་ཆེན་ཡིན་པའི་འདུ་ཤེས་འཛིན་མཁན་དག་དང་། ཤེས་ཡོན་ལ་གཙོ་བོར་བྱེད་མཁན་དག་གིས་བོད་ནང་གི་རང་ལུས་མེར་བསྲེགས་ལ་གནད་འགག་བརྩིས་པ་བཞིན་དུ། སློབ་མའི་གྲངས་འབོར་ཛ་དྲགས་ངང་ཉུང་དུ་འགྲོ་བཞིན་པ་དེ་ཡང་རང་ལུས་མེར་བསྲེགས་དེ་བས་ཀྱང་ཉེན་ཁར་སླེབས་བཞིན་ཡོད་པས་འདི་སྐོར་ལ་དགོངས་པ་མང་ཙམ་བཞེས་རོགས། ཉིས་སྟོང་བཅུ་གཉིས་ལོ་ཟླ་བཅུ་གཅིག་པའི་ཚེས་ལྔ་ལ།